མཁའ་རླུང་གཙང་མར་རིན་འབབ་ལེན་གྱི་ཡོད་འདུག
གཟའ་འཁོར་སྔོན་མའི་ནང་རྒྱ་ནག་ནང་མཁའ་རླུག་འབག་བཙོག་གི་ཚད་གཞི་ཤིན་ཏུ་མཐོན་པོ་ཆགས་སྟེ་ཛ་དྲག་གི་ཉེན་བརྡ་བཏང་ཡོད་པ་དང། རྒྱ་ནག་གྲོང་ཁྱེར་ཤང་ཧའི་ཉེ་འགྲམ་གྱི་ས་གནས་ཤིག་གི་ཟ་ཁང་ནང། མགྲོན་པོ་ཚོར་ཟ་ཁང་གི་མཁའ་རླུང་གཙང་མ་ལོངས་སྤྱོད་ཀྱི་རིན་འབབ་ལེན་གྱི་ཡོད་པའི་གནས་ཚུལ་ཞིག་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཤོག་སྟེང་བཀོད་དེ། དྲྭ་ཐོག་ལ་བགྲོ་གླེང་ཤུགས་ཆེན་བྱུང་ཡོད་འདུག
དྲྭ་ཐོག་ལ་མི་ཁ་ཤས་ཀྱིས་མཁའ་རླུང་གཙང་མ་ནི་མི་ཚང་མའི་གཞི་རྩའི་ཐོབ་ཐང་ཡིན་པ་ལས་ཚོང་གི་ཅ་ལག་མིན་པར་བྲིས་ཡོད་པ་དང། ཁ་ཤས་ཀྱིས་ཟ་ཁང་དེས་མཁའ་རླུང་གཙང་མ་བཟོ་བྱེད་ཀྱི་འཕྲུལ་ཆས་ཉོས་པར་འགྲོ་སོང་ཕྱིན་ཡོད་པས། རིན་འབབ་བསྡུས་པ་ནི་ཚུལ་དང་ལྡན་པ་ཡིན་ཚུལ་བྲིས་འདུག
ཤིན་ཧྭ་གསར་ཤོག་སྟེང་མིང་འཁོད་མེད་པའི་རྒྱ་གཞུང་ལས་བྱེད་ཅིག་གིས། མཁའ་རླུང་ནི་མིའི་འཚོ་གནས་ཆེད་གལ་ཆེ་བའི་རང་བྱུང་ཐོན་ཁུངས་ཤིག་ཡིན་པས། མགྲོན་པོ་ཚོར་ཁོར་ཡུག་དང་མཁའ་རླུང་གཙང་མའི་མཐུན་རྐྱེན་སྦྱར་རྒྱུ་ཟ་ཁང་དེའི་ལས་འགན་ཡིན་པས། ཟ་ཁང་དེར་བདུན་ཕྲག་གཅིག་ནང་ཚུན་ལ་བྱ་སྤྱོད་དེ་མཚམས་འཇོག་དགོས་པའི་བརྡ་བཏང་ཡོད་སྐོར་བཀོད་འདུག
རྒྱ་ནག་གི་མི་མང་པོས་རྒྱལ་ཁབ་ཀྱིས་དཔལ་འབྱོར་གྱི་ཡར་རྒྱས་ཆེད་འཕྲོད་བསྟེན་དང་ལྡན་པའི་འཚོ་བ་བློས་གཏོང་བྱས་ཡོད་པར་སེམས་འཚབ་བྱེད་ཀྱི་ཡོད་པ་དང། པེ་ཅིང་དུས་བབ་སྟེང་མཆན་ཞིག་ལ། མཁའ་རླུང་གཙང་མར་རིན་འབབ་བླངས་པ་དེ་ལས། གལ་ཏེ་མཁའ་རླུང་འབག་བཙོག་གི་དཀའ་ངལ་དེ་མྱུར་དུ་མ་སེལ་ཚེ། ང་ཚོ་ཚང་མས་མཇུག་འབྲས་མྱངས་དགོས་པའི་དྲན་སྐུལ་རེད་ཅེས་བྲིས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

