མཁའ་རླུང་སྦག་བཙོག་གི་རྐྱེན་ཀྱིས་རྒྱ་གར་ནང་མིའི་འཚོ་ཡུན་ལོ་༩ ཐུང་དུ་གཏོང་གི་ཡོད་སྲིད་འདུག

ཉམས་ཞིབ་ཀྱི་སྙན་ཐོ་ཞིག་ནང་རྒྱ་གར་གྱི་མཁའ་རླུང་སྦག་བཙོག་གི་ཚད་གཞི་ཤིན་ཏུ་ཚབས་ཆེན་ཡིན་པས། མི་མང་ས་ཡ་མང་པོའི་འཚོ་ཡུན་དེ་ལོ་༩ ཐུང་དུ་གཏོང་གི་ཡོད་སྲིད་པ་དང་། ད་ལྟའི་ཆར་རྒྱ་གར་མངའ་ཁུལ་མང་པོ་ཞིག་ནང་མཁའ་རླུང་སྦག་བཙོག་གི་གནས་སྟངས་སྡུག་ཏུ་ཕྱིན་ཡོད་སྐོར་བརྗོད་འདུག 

ཟླ་༩ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཨ་རིའི་ཆཱི་ཁ་གྷོ་གཙུག་ལག་སློབ་གཉེར་ཁང་གི་ནུས་ཤུགས་སྲིད་བྱུས་ལྟེ་གནས་ཁང་ནས་བཏོན་པའི་ཉམས་ཞིབ་སྙན་ཐོའི་ནང་དུ། རྒྱ་གར་ནང་དུ་གནས་སྡོད་མི་མང་ཐེར་འབུམ་༡.༣ རྣམས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་མཁའ་རླུང་སྦག་བཙོག་གི་ཚད་གཞི་ལས་བརྒལ་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱ་གར་གྱི་མི་སེར་བརྒྱ་ཆ་༤༠ སྟེ་མི་མང་ས་ཡ་༥༢༠ ལྷག་གི་མི་ཚེ་ཐུང་དུ་གཏོང་གི་ཡོད་སྲིད་པ་མ་ཟད། འཚོ་ཡུན་ལོ་༩ ཐུང་དུ་གཏོང་གི་ཡོད་སྲིད་སྐོར་བརྗོད་འདུག 

དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཁའ་རླུང་སྦག་བཙོག་གི་གནས་སྟངས་ནི་ཤིན་ཏུ་ཚབས་ཆེན་པོ་ཡིན་པས། གལ་ཏེ་མཁའ་རླུང་སྦག་བཙོག་ཆུང་དུ་བཏང་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚད་གཞི་དང་མཐུན་ཐུབ་ཚེ། ལྡི་ལིར་གནས་སྡོད་རྣམས་ཀྱི་འཚོ་ཡུན་ལ་ལོ་༡༠ གསར་སྣོན་བྱེད་ཐུབ་སྲིད་པ། གལ་ཏེ་རྒྱ་གར་རྒྱལ་ཡོངས་ཀྱི་ཚད་གཞི་དང་མཐུན་ཐུབ་ཚེ་ལོ་༧ གསར་སྣོན་བྱེད་ཐུབ་སྲིད་སྐོར་བརྗོད་འདུག 

དེ་ཡང་ལྷོ་ཨེ་ཤི་ཡའི་ཁུལ་དུ་མཁའ་རླུང་སྦག་བཙོག་གི་དཀའ་ངལ་ཡོད་མཁན་རྒྱ་གར་གཅིག་པུ་མིན་པར། པཱ་ཀི་སེ་ཐན་དང་བལ་ཡུལ། བྷང་ལ་ཌེ་ཤི་བཅས་ཡིན་པ་དང། རྒྱལ་ཁབ་༤ པོ་དེ་དག་ནི་བསྟུད་མར་འཛམ་གླིང་ནང་མཁའ་རླུང་སྦག་བཙོག་མང་ཤོས་ཀྱི་རྒྱལ་ཁབ་༥ ཡི་ནང་དུ་ཚུད་ཀྱི་ཡོད་འདུག 

རྒྱ་གར་གཞུང་ནས་མཁའ་རླུང་གཙང་བཟོ་ཡི་ལས་འགུལ་ཁག་ཅིག་སྤེལ་ཡོད་ཀྱང་། འདས་པའི་ལོ་ཤས་རིང་གནས་སྟངས་སྡུག་ཏུ་ཕྱིན་ཡོད་པ་རེད་འདུག 

ཕྱི་ལོ་༢༠༡༩ ལོར་མཁའ་རླུང་གི་སྤུས་ཚད་རྟོག་ཞིབ་བྱེད་ཆེད་ཀྱི་འཕྲུལ་ཆས་བཟོ་སྐྲུན་བྱེད་མཁན་གྱི་ཚོང་ལས་ཁང་ཞིག་དང་། འཛམ་གླིང་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཚོགས་པ་ཆེ་ཤོས་ལྗང་ཁུ་ཚོགས་པ་གཉིས་མཉམ་ལས་ཐོག རྒྱལ་ཁབ་མི་འདྲ་བ་༧༣ ནང་གི་གྲོང་ཁྱེར་༣༠༠༠ ནང་། མཁའ་རླུང་གི་སྤུས་ཚད་རྟོག་ཞིབ་བྱེད་པའི་འཕྲུལ་ཆས་སྒྲིག་འཇོག་བྱས་ཏེ་སྙན་ཐོ་ཞིག་བཏོན་ཡོད་པ་རེད། སྙན་ཐོའི་ནང་ཕྱི་ལོ་༢༠༡༨ ལོར་གྲོང་ཁྱེར་ཁག་དང་རྒྱལ་ཁབ་ཁག་གི་ཁྲོད། མཁའ་རླུང་བཙོག་ཤོས་ཀྱི་གྲངས་ཐོ་ཞིག་བཏོན་འདུག་པ་དང་། འཛམ་གླིང་ནང་མཁའ་རླུང་བཙོག་ཤོས་ཀྱི་གྲོང་ཁྱེར་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འགྲམ་དུ་ཡོད་པའི་གྷུ་རུ་གྷེ་རམ་མམ་གྷུར་གྷོང་ཡིན་ཁར། མཁའ་རླུང་བཙོག་ཤོས་ཀྱི་གྲོང་ཁྱེར་༢༠ ཡི་གྲངས་ཐོའི་ནང་རྒྱ་གར་གྱི་གྲོང་ཁྱེར་༡༥ ཡོད་འདུག དེའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨང་རིམ་༡༡ དང་དེ་བཞིན་རྡོ་རྗེ་གདན་ཆགས་ཡུལ་གྷ་ཡ་གྲོང་ཁྱེར་ཨང་རིམ་༡༨ པ་རེད་འདུག རྒྱལ་ཁབ་ཁག་གི་ཁྲོད་དུ་ཁྱོན་ཡོངས་ནས་མཁའ་རླུང་བཙོག་ཤོས་གསུམ་ནི་བྷང་ལ་ཌེ་ཤི་དང་། པ་ཀི་སི་ཐན། རྒྱ་གར་བཅས་ཡིན་ཁར། རྒྱ་ནག་ཨང་རིམ་༡༢ པ་དང་། དེ་བཞིན་མཁའ་རླུང་གཙང་ཤོས་དེ་ཡུ་རོབ་ཀྱི་རྒྱལ་ཁབ་ཨཱེ་སི་ལན་ཌ་ཡིན་འདུག

རྒྱལ་སྤྱིའི་སྙན་ཐོ་མང་པོ་ཞིག་གི་ནང་དུ་ལོ་རེར་མི་མང་ས་ཡ་༤ ལས་མང་བ་ལོ་རེར་མཁའ་རླུང་སྦག་བཙོག་རྐྱེན་པས་ཚེ་སྲོག་ཤོར་གྱི་ཡོད་སྐོར་བརྗོད་ཡོད་པ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།