མགོ་ལས་རྨ་ཆེ་བ་ཆགས་སྲིད།
(བོད་ཀྱི་བང་ཆེན་ཚགས་པར་སྤྱིའི་འདོན་ཐེངས་༩༧༤)
ཉེ་ཆར་ཚོགས་དྲུང་ལས་ཁུངས་ནས་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་སྐྱོང་གནང་རྒྱུ་ཡིན་པའི་ཚོགས་བརྡ་ཞིག་ཕྱི་ལོ་༢༠༢༣ ཟླ་༡༡ ཚེས་༡༦ འཁོད་པ་ཞིག་ཡོངས་ཁྱབ་ཀྱིས་སོང་བ་དང་། དེའི་རྗེས་སུ་ཕྱི་ཟླ་༡༡ ཚེས་༢༠ འཁོད་པའི་སྙན་ཞུ་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་པའི་ནང་དབུས་གཙང་དང་མདོ་སྨད་སྤྱི་འཐུས་བཅུ་དྲུག་གི་མཚན་འཁོད་ཅིང་། མདོ་སྨད་སྤྱི་འཐུས་རྔ་པ་གངས་རིས་མཚན་རྟགས་བཀོད་ནས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་མཚན་ཐོག་ཏུ་ཕུལ་ཡོད་འདུག དེའི་ནང་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་སྐྱོང་དེ་ཕྱི་ལོ་༢༠༢༤ ཟླ་༣ པའི་གྲོས་ཚོགས་དང་མཉམ་དུ་བྱ་དགོས་པ་ལས། ད་ལྟའི་ཆར་ཚོགས་འདུ་འཚོག་མི་འོས་པའི་སྐོར་འཁོད་འདུག་ལ། ཡུ་རོབ་སྤྱི་འཐུས་གཉིས་ཀྱིས་ཀྱང་དེ་མཚུངས་སྙན་ཞུ་ཞིག་ཕུལ་ཡོད་ཚུལ་འདུག སྤྱི་འཐུས་གྲངས་བཅོ་བརྒྱད་ཀྱི་བསམ་ཚུལ་གཅིག་མཐུན་བྱུང་སོང་ན་གྲོས་ཚོགས་འཚོག་ཐུབ་ཐབས་མེད་པས། གྲོས་ཚོགས་ཚོགས་དུས་དྲུག་པ་གནས་སྐབས་མཇུག་སྐྱོང་མི་ཐུབ་པ་དེ་ཕལ་ཆེར་གསལ་པོར་གྱུར་པ་རེད།
ཕྱི་ཟླ་༩ པའི་ནང་གྲོས་ཚོགས་མུ་མཐུད་ཚོགས་མ་ཐུབ་པར་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས། “༢ སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ།”ཞེས་པ་ལྟར། ཚོགས་གཙོ་སྦྲེལ་པོས་ཐག་གཅོད་གནང་དགོས་བྱུང་བ་དང་། ད་ལན་བསྐྱར་དུ་ཚོགས་འདུ་མཇུག་སྐྱོང་བྱ་རྒྱུ་ཡང་ཚོགས་གཙོ་སྦྲེལ་པོས་ཐག་གཅོད་གནང་བ་ཚོགས་དྲུང་ལས་ཁུངས་ཀྱིས་གསལ་བསྒྲགས་གནང་བ་ཞིག་རེད། གཞན་“འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང༌། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་”ཞེས་གསལ་ཡོད་པས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཙམ་ལས་གཏན་འབེབས་གནང་རྒྱུ་དེ་སྤྱི་འཐུས་ཚོགས་གཙོ་ཚོཌ་གཞོན་གྱི་སྐུ་དབང་རེད།
ད་ལན་བཅའ་ཁྲིམས་ཀྱི་དགོངས་དོན་ཚོགས་བརྡ་བཏང་ཟིན་ཡང་འཚོག་འོས་མིན་གྱི་སྙན་ཞུ་ཞིག་སྤྱི་འཐུས་བཅུ་དྲུག་གིས་ཕུལ་བ་ལྟར། གལ་སྲིད་ཕྱི་ཟླ་༣ པ་བར་བསྐྱར་དུ་འཕར་འགྱངས་བྱེད་དགོས་བྱུང་ན་རང་བཞིན་གྱིས་དཀའ་ངལ་འཕྲད་སྲིད་པའི་གནད་དོན་ཁ་ཤས་ཡོང་རྒྱུའི་ཉེན་ཁ་ཡོད་པ་གསལ་པོ་རེད། ཕྱི་ལོ་༢༠༢༠ ལོར་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་དཀའ་ངལ་སྐབས་སུ་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གྲོས་ཚོགས་ཕར་འགྱང་བྱས་པ་དེ། ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དང་མཐུན་མིན་གྱི་ཀླན་ཀ་བཙལ་ནས་རྩོད་རྙོག་མང་པོ་བྱུང་བ་དང་། སྐབས་དེར་གནད་དོན་གཙོ་གྲས་གཅིག་ཟླ་དྲུག་རིང་ཕར་འགྱང་ཆོག་མིན་དེ་རེད། སྤྱི་འཐུས་རྣམ་པ་བཅུ་དྲུག་གི་ནང་ནས་ཕལ་ཆེ་བ་ཁྲིམས་ཞིབ་ཁང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་མཁན་གྲས་ཡིན་ཡང་། ད་ལན་ཟླ་དྲུག་རིང་ཕར་འགྱང་དགོས་པའི་དགོངས་ཚུལ་ཡིག་ཐོག་ནས་ཕེབས་ཡོང་དུས་ཁྲིམས་སྒྲིག་གི་དགོངས་པ་ལེན་སྟངས་ཐད་ནས་འུག་པའི་རྫུན་དྲུག་གི་སྒྲུང་ལྟ་བུར་གྱུར་འདུག
ཕྱོགས་གཅིག་ནས་ཕྱི་ཟླ་༣ པའི་གྲོས་ཚོགས་ནང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་མང་དག་ཅིག་ཡོད་པར་བརྟེན། ལས་ཉིན་བཅོ་ལྔ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཟིན་པ་དང་། དེའི་སྟེང་དུ་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཉིན་གྲངས་ལྔ་བསྡོམས་ན་ལས་ཉིན་ཉི་ཤུ་ཆགས་རྒྱུ་དང་། གཟའ་མཇུག་གི་གུང་སེང་བསྡོམས་ན་ཧ་ཅང་དུས་ཡུན་རིང་པོ་ཆགས་རྒྱུ་ཉག་གཅིག་རེད། སྤྱིར་ད་ལྟའི་དུས་འདིར་ཁྲིམས་སྒྲིག་བསྐྱར་བཅོས་ཐུབ་པའི་ཁོར་ཡུག་ཧ་ཅང་དོག་ཏུ་ཕྱིན་ཟིན་པ་དང་། ལྷག་པར་དུ་ཕྱི་ཟླ་༩ པའི་ནང་གྲོས་ཚོགས་མཇུག་སྐྱོང་མ་ཐུབ་པའི་གནད་དོན་དང་འབྲེལ་བའི་གནས་ཚུལ་ཕྱི་ཟླ་༣ པའི་ནང་སླེབས་ནས། རྩོད་རྙོག་གི་དྲོད་མ་ཡལ་བའི་སྐབས་དེར་ཁྲིམས་སྒྲིག་བསྐྱར་བཅོས་ཡོང་ཐབས་གཏན་ནས་མེད་པ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་རེད། དེར་བརྟེན་ད་ལན་གྲོས་ཚོགས་མཇུག་སྐྱོང་དེ་ཡག་པོ་ཞིག་བྱེད་ཐུབ་པའི་དབང་དུ་བཏང་ན་ཕྱི་ཟླ་༣ པའི་གྲོས་ཚོཌ་ཀྱི་ཁོར་ཡུག་ལ་ཅུང་ཙམ་ཕན་པའི་རེ་བ་རྒྱག་ཆོག་པ་ཞིག་མིན་ནམ་སྙམ།
མདོར་ན་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གནད་དོན་ཟུར་དུ་བཞག་ནས། གནས་ཚུལ་ཆུང་ཙག་རིགས་ལ་དེ་ཙམ་གྱིས་ཚོར་བ་རྣོན་པོ་དང་མཇུག་སྐྱོང་བྱེད་དགོས་པ་ཞིག་མིན་པ་ལྟ་བུར་གྱུར་ཡོད་ནའང་། ད་ལན་གྱི་གནད་དོན་འདི་ལ་བརྟེན་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་དགོས་ངེས་ཁག་བྱེད་མ་ཐུབ་ན། རྒྱུན་རིང་མ་འགོར་བར་ཁྲིམས་སྒྲིག་གི་ཐོག་ནས་བོད་མིའི་སྒྲིག་འཛུགས་སྦོ་ལུག་རྒྱུ་ཉག་གཅིག་ལས་ལམ་ཁ་གཞན་གཏན་ནས་མེད་པར་གྱུར་ཟིན། འོན་ཀྱང་ཁྲིམས་སྒྲིག་གི་དགོངས་དོན་དང་མི་མཐུན་ཡང་ཟུར་པ་དང་ལས་ཐོག་ཆེ་དགུ་གཉན་བཅུ་ཐམས་ཅད་ཁ་མཐུན་གྱིས་ཁྲིམས་ཞིབ་ཁང་དུ་བྱུང་བའི་གནས་ཚུལ་རྣམས་བསྐྱར་ཟློས་ཀྱིས། ཁྲིམས་ཞིབ་ཁང་དང་། གྲོས་ཚོགས། འཛིན་སྐྱོང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་ལས་དོན་བཅས་ཁྲིམས་མེད་ལུགས་མེད་ཀྱི་ཐོག་ནས་སྒེར་འཛིན་བྱ་རྒྱུའི་ཉེན་ཁ་ཡོད། གང་ལྟར་ཉེ་ཆར་བྱུང་བའི་གནད་དོན་མང་པོ་ཞིག་ལ་བརྟེན་བོད་མིའི་སྒྲིག་འཛུགས་ལ་མགོ་ལས་རྨ་ཆེ་བ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་འདུག།།