མང་གཙོ་དང་བོད་ཀྱི་མ་འོངས་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༡༠༥༦ གི་ཆེད་བརྗོད།

༧གོང་ས་མཆོག་གིས་བཙན་བྱོལ་བོད་མི་རྣམས་ལ་མང་གཙོ་བཙན་ཐབས་ཀྱིས་གནང་ནས་མི་ལོ་དྲུག་ཅུ་རེ་ལྔ་ཙམ་སོང་ཞིང། ད་ལྟའི་ཆར་ཁྲིམས་སྒྲིག་གི་ཐོག་ནས་བལྟས་ན་ཆ་ལག་ཡོངས་སུ་ཚང་བའི་མང་གཙོ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ཆོག། དོན་དངོས་སྤྱི་ཚོགས་ནང་མང་གཙོའི་གོ་རྟོགས་དང་ལག་ལེན་ཐོག་ནས་རྒྱབ་བཤིག་རྒྱག་བཞིན་པའི་གནས་སྟངས་ཤིག་ལས། ཡར་རྒྱས་ཆེན་པོ་སོང་བའི་རྣམ་པ་གང་ཡང་མཐོང་རྒྱུ་མེད། ཕྱོགས་གཅིག་ནས་བཤད་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ངུ་འདི་ཙམ་མ་ཡིན་པར། འཛམ་གླིང་ཤར་ནུབ་ཀུན་ཏུ་མང་གཙོའི་རུ་འདྲེན་པ་ལྟ་བུར་གྱུར་པའི་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་དང། འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་གྱི་གནས་སྟངས་ལ་བལྟས་ནའང་དོན་དངོས་ལག་ལེན་དེ་མང་གཙོའི་ལྟ་གྲུབ་དང་བར་ཐག་རིང་དུ་སོང་ཡོད་པའང་དངོས་ཡོད་རེད་ལ། དཔེ་མཚོན་དུ་བཀོད་པའི་རྒྱལ་ཁབ་དེ་གཉིས་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་སུ་མང་གཙོའི་ལག་ལེན་དང་ལྟ་གྲུབ་གཉིས་བར་ཐག་རིང་དུ་འགྲོ་བཞིན་ཡོད།

རང་དབང་རང་བཙན་ཆ་ཚང་ཡོད་པ་མ་ཟད། དཔལ་འབྱོར་དང་དམག་དོན། མི་འབོར་གྱི་སྟོབས་ཤུགས་སོགས་ཆེན་པོ་ཡོད་པའི་རྒྱལ་ཁབ་ཁག་གི་ཆབ་སྲིད་ལམ་ལུགས་ལ་ཡག་སྡུག་གི་སྐད་ཆ་ཙམ་ལས། སྤྱི་ཚོགས་ཁ་འཐོར་དང་ནུས་ཤུགས་གཅིག་སྒྲིལ་གཏན་ནས་མེད་པ་ཞིག་ཏུ་འགྱུར་མི་སྲིད་པ་ལྟ་བུ་རེད། བོད་དང་བོད་མི་ལ་མཚོན་ན་ད་བར་བཙན་བྱོལ་སྤྱི་ཚོགས་ཙམ་མ་ཡིན་པར་གཞིས་བྱེས་གཉིས་གཅིག་སྒྲིལ་ཏུ་གནས་ཐུབ་པ་དེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་དང་ཐུགས་རྗེ་བྱིན་རླབས་ཉག་གཅིག་ལ་བརྟེན་ཡོད་ཅིང། མ་འོངས་པར་༧གོང་ས་མཆོག་ཞལ་མ་བཞུགས་པའི་གནས་སྟངས་ཤིག་བྱུང་ན་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་དེ་གནད་དོན་གང་ཐད་ནས་མུ་མཐུད་ཐུབ་མིན་བཤད་ཚོད་མི་ཐིག་པ་ཞིག་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ནི་དེ་བས་ཀྱང་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་སྲིད་པ་དང། མང་གཙོའི་ལམ་ལུགས་ལ་བརྟེན་ནས་མུ་མཐུད་ཐུབ་མིན་ཡང་ད་ལྟའི་ཆར་དྲི་བ་ཆེན་པོ་ཞིག་ཏུ་གྱུར་འདུག 

༧གོང་ས་མཆོག་གིས་དུས་ཡུན་རིང་མོ་ཞིག་ནས་ཁྱེད་རང་ཚོས་ང་མེད་པ་ལྟ་བུའི་འགན་འཁུར་དགོས་ཞེས་བཀའ་སློབ་ཡང་ཡང་ཕེབས་ཡོད་ཀྱང། སྤྱི་ཚོགས་ཀྱི་བསམ་བློ་དང་གནས་སྟངས་ཐད་ནས་ད་དུང་ཡང་སྤྱིའི་རྩ་དོན་ལ་ཐུག་དུས་༧གོང་ས་མཆོག་ཁོ་ནར་རེ་ལྟོས་བྱེད་པ་ཙམ་ལས། བོད་མི་རེ་རེ་བཞིན་འགན་ཁུར་གང་ཡང་མི་ལེན་པར་རང་ཉིད་མི་སྒེར་གྱི་འཚོ་ཐབས་གཅིག་པུར་མགོ་འཁོར་བ་དང། བོད་པ་ནང་ཁུལ་གྱི་རྩོད་རྙོག་ཅིག་ལ་ཐུག་སྐབས་ངར་ངར་ཤོར་ཤོར་གྱིས་མི་རྒྱུ་གཉིས་ཐད་ནས་བློས་གཏོང་ཐུབ་མཁན་མང་པོ་ཞིག་མཐོང་རྒྱུ་ཡོད། མང་གཙོའི་ལམ་ལུགས་ནང་རང་དབང་དང་ཐོབ་ཐང་གང་ཡོད་པ་དེ་ཆད་ལུས་མེད་པར་ལེན་ཐབས་བྱེད་པ་ཙམ་ལས། མང་གཙོ་དང་འབྲེལ་བའི་སྤྱི་ཚོགས་དང་སྒྲིག་འཛུགས་ལ་འགན་ཁུར་གང་ཡང་མི་ལེན་པ་མ་ཟད། གྲོས་ཚོགས་ནང་མང་མོས་ཐག་གཅོད་བྱུང་བའི་གནད་དོན་ཁག་ཀྱང་རང་ཉིད་ལ་འདོད་མོས་མེད་ན་གུས་བརྩི་དང་ལེན་མི་བྱེད་པ་ནི་བཙན་བྱོལ་བོད་མིའི་མང་གཙོའི་གོ་རྟོགས་ཀྱི་ཚད་གཞི་ལྟ་བུར་གྱུར་ཟིན།

དེ་ལྟ་བུའི་གནས་སྟངས་ལ་བརྟེན་བཙན་བྱོལ་བོད་པའི་སྤྱི་ཚོགས་དང་སྒྲིག་འཛུགས་རྒྱུན་རིང་གནས་མི་ཐུབ་ལ། ༧གོང་ས་མཆོག་ཞལ་མ་བཞུགས་པའི་དུས་ཚོད་སྐྱོ་པོ་ཞིག་བྱུང་རྗེས་བཙན་བྱོལ་བོད་མི་རྣམས་ཁ་འཐོར་དུ་འགྲོ་རྒྱུའི་ཉེན་ཁ་ཡོད། མང་གཙོའི་ལམ་ལུགས་ཀྱི་དགེ་མཚན་དང་དགོས་པ་གང་ཐད་ནས་སློབ་སྦྱོང་བྱས་ཏེ་ལག་བསྟར་ཐུབ་ན། ལམ་ལུགས་དེ་ཁོ་ན་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་གནས་ཐུབ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། མི་མང་བཅས་ཀྱིས་མང་གཙོའི་རིན་ཐང་དང་དགེ་མཚན་ལ་བསམ་བློ་གང་ཡང་མ་བཏང་བར། འོས་བསྡུའི་སྐབས་ཙམ་མ་ཡིན་པར་དུས་རྒྱུན་དུ་རང་ཉིད་ཀྱི་འདོད་ཕྱོགས་ཁོ་ནར་རྒྱབ་སྐྱོར་བྱེད་པ་ལས། སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་འཆི་གསོན་ལ་བསམ་བློ་གང་ཡང་མ་བཏང་བར་མུ་མཐུད་ནང་ཁུལ་དུ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱས་ན། མང་གཙོའི་ལམ་ལུགས་ཀྱི་རྣམ་པ་ཙམ་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་རྩ་དོན་འཐབ་རྩོད་བཅས་འཆི་ལམ་དུ་གཏོང་ངེས་རེད།

མདོར་ན་བོད་ཀྱི་རྩ་དོན་འཐབ་རྩོད་ལ་ཕྱོགས་གང་ཐད་ནས་རེ་བ་ཆུང་དུ་འགྲོ་བཞིན་པ་དང། ༧གོང་ས་མཆོག་དགུང་གྲངས་མཐོན་པོར་ཕེབས་པ་ཙམ་དུ་མ་ཟད། སྐུ་གཟུགས་ཀྱི་གནས་སྟངས་དང་ཐུགས་དྲན་གྱི་གནས་སྟངས། བཀའ་སློབ་གནང་སྐབས་གསུང་སྐད་ཀྱི་ཤུགས་སོགས་ལས། དགུང་གྲངས་འདྲ་མཉམ་ནང་ནས་ཡག་ཤོས་གྲས་གཏན་ནས་མིན་པས། སེམས་འཚབ་མི་བྱེད་ཐབས་མེད་དུ་གྱུར་ཡོད། མ་འོངས་པར་བོད་ནང་དུ་རྒྱ་གཞུང་གི་བྱེད་སྟངས་ལ་བལྟས་ན་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་བཟང་ཕྱོགས་ཀྱི་རེ་བ་སྤུ་ཙམ་མེད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ཀྱི་མི་སྣ་གོང་འོག་བར་གསུམ་གྱི་བསམ་བློ་ལའང་རེ་བ་ཆེན་པོ་དེ་ཙམ་མེད། ༧གོང་ས་མཆོག་གིས་ཐུགས་རེ་ཆེན་པོ་གནང་བའི་མང་གཙོའི་ལམ་ལུགས་འདི་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁ་འཐོར་དུ་མི་འགྲོ་བ་དང། བོད་མིའི་སྒྲིག་འཛུགས་དང་བོད་དོན་འཐབ་རྩོད་མུ་མཐུད་གནས་ཐུབ་མིན་ནི་བཙན་བྱོལ་བོད་མི་ཚང་མའི་འགན་འཁུར་ལེན་སྟངས་ཁོ་ན་ལ་རག་ལས་པ་ཞིག་ཏུ་གྱུར་ཡོད།།