མང་གཙོ་ཚོགས་པས་གྲོས་ཚོགས་གོང་མའི་འོས་བསྡུར་རྒྱལ་ཁ་ཆེན་པོ་བླངས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པར་རྐུབ་སྟེགས་མང་ཤོས་ཡོད་པའི་ཐོག ཉེ་ཆར་གྲོས་ཚོགས་གོང་མའི་རྐུབ་སྟེགས་གཉིས་ཀྱི་ཐོག་ཏུ་འོས་བསྡུ་བསྐྱར་དུ་བྱས་ཏེ། གྲུབ་དོན་དུ་རྐུབ་སྟེགས་གཉིས་ཀ་མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་འདུག་པས། དེ་ལ་བརྟེན་ནས་མང་གཙོ་ཚོགས་པའི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོན་རྒྱུ་ཡིན་འདུག 

ཟླ་༡ པོའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༢༠ ལོའི་ཟླ་༡༡ པའི་ཚེས་༣ ཉིན་གྱི་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུ་སྐབས་སུ། ཨ་རིའི་མངའ་སྡེ་ཇོར་ཇི་ཡའི་གྲོས་ཚོགས་གོང་མའི་རྐུབ་སྟེགས་གཉིས་ཀྱི་འོས་འགྲན་གྲུབ་དོན་དུ། འོས་མི་སུ་གང་ལ་འོས་གྲངས་བརྒྱ་ཆ་༥༠ ཐོབ་མེད་པས། མངའ་སྡེ་དེའི་སྒྲིག་འཛུགས་ལྟར་རྐུབ་སྟེགས་དེ་གཉིས་ཀྱི་ཆེད་དུ་ཟླ་༡ པོའི་ཚེས་༥ ཉིན་འོས་བསྡུ་བསྐྱར་དུ་བྱས་ཡོད་པ་རེད། དེ་ཡང་འོས་བསྡུ་དེའི་སྔོན་དུ་གྲོས་ཚོགས་གོང་མའི་ནང་མང་གཙོ་ཚོགས་པར་རྐུབ་སྟེགས་༤༨ དང་སྤྱི་མཐུན་ཚོགས་པར་རྐུབ་སྟེགས་༥༠ ཡོད་པས། གྲོས་ཚོགས་གོང་མར་སྟངས་འཛིན་བྱེད་ཆེད་དུ་ཇོར་ཇེ་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་རྐུབ་སྟེགས་གཉིས་པོ་དེ་ཤིན་ཏུ་གལ་གནད་ཆེན་པོ་ཆགས་ཡོད་པ་རེད། དེ་དང་བསྟུན་ནས་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་བྱེད་ཆེད་སྲིད་འཛིན་ཌོ་ནལ་ཊོམ་དང་། དེ་བཞིན་མང་གཙོ་ཚོགས་པར་རྒྱབ་སྐྱོར་བྱེད་ཆེད་འདེམས་ཐོན་སྲིད་འཛིན་རྗོ་བྷའེ་ཌན་གཉིས་མངའ་སྡེ་དེར་སླེབས་ནས། འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་སྤེལ་ཡོད་པ་རེད། 

འོས་བསྡུའི་གྲུབ་དོན་དུ་ལས་ཁུར་གྲོས་ཚོགས་འཐུས་མི་སྤྱི་མཐུན་ཚོགས་པའི་འོས་མི་གཉིས་ལ་ཕམ་ཁ་བྱུང་ནས། མང་གཙོ་ཚོགས་པའི་འོས་མི་གཉིས་པོ་གྲོས་ཚོགས་གོང་མའི་འཐུས་མིར་གསར་དུ་འདེམས་ཐོན་བྱུང་འདུག དེ་བཞིན་རྒྱལ་ཁ་ཐོབ་མཁན་(Raphael Warnock) ནི་མངའ་སྡེ་དེའི་ནང་མི་རིགས་ནག་པོ་གྲོས་ཚོགས་གོང་མའི་འཐུས་མིར་འདེམས་ཐོན་བྱུང་མཁན་དང་པོ་ཆགས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཞག་འདུག་པ་དང་། (Jon Ossoff )ནི་མངའ་སྡེ་དེའི་ནང་ཇིའུ་ཆོས་ལུགས་རྗེས་འབྲངས་པ་གྲོས་ཚོགས་གོང་མའི་འཐུས་མིར་འདེམས་ཐོན་བྱུང་མཁན་དང་པོ་དེ་ཆགས་འདུག 

སྤྱིར་བཏང་མངའ་སྡེ་དེ་ནི་སྔར་མི་རིགས་ནག་པོ་བྲན་གཡོག་ཏུ་ཉར་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཁར། ད་ལྟ་ཡང་རྙིང་ཞེན་མཁྲེགས་འཛིན་མཁན་གྱི་མི་རིགས་དཀར་པོ་མང་པོ་ཡོད་འདུག་ཀྱང་། གྲངས་ཉུང་མི་རིགས་གནས་སྤོ་བ་མང་དུ་ཕྱིན་ཡོད་ཁར། གུ་ཡངས་ཀྱི་ལྟ་བ་འཛིན་མཁན་མི་རིགས་དཀར་པོ་ཡང་མང་པོ་ཡོད་འདུག་པས། ཐེངས་འདིར་འོས་བསྡུར་མང་གཙོ་ཚོགས་པར་རྒྱབ་སྐྱོར་མི་མང་ཤིན་ཏུ་མང་པོས་འོས་ཤོག་འཕེན་པར་སླེབས་ནས། མང་གཙོ་ཚོགས་པ་རྒྱལ་ཁ་ཐོབ་པ་རེད་འདུག 

ད་ལྟའི་ཆར་གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པར་རྐུབ་སྟེགས་༥༠ དང་མང་གཙོ་ཚོགས་པར་རྐུབ་སྟེགས་༥༠ ཡོད་པས། གལ་ཏེ་ལས་དོན་ཁག་གི་ཆེད་དུ་འོས་ཤོག་འཕངས་ནས་གྲུབ་དོན་དུ་༥༠ དང་༥༠ འདྲ་མཉམ་སླེབས་ཚེ། སྲིད་འཛིན་གཞོན་པར་འོས་བསྡུ་དེར་འོས་ཤོག་འཕེན་པའི་དབང་ཚད་ཡོད་འདུག་པས། འདེམས་ཐོན་སྲིད་འཛིན་གཞོན་པ་ལྕམ་ཀཱ་མ་ལ་ཧེ་རི་སེ་ནི་མང་གཙོ་ཚོགས་པའི་ཚོགས་མི་ཡིན་རྐྱེན། མང་གཙོ་ཚོགས་པའི་ལས་དོན་ལ་རྒྱལ་ཁ་ཐོབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་འདུག 

དེ་ཡང་ཕྱི་ལོ་༢༠༠༩ ཡི་རྗེས་སུ་ཐེངས་དང་པོར་ཨ་རིའི་ཕོ་བྲང་དཀར་པོ་དང་། གྲོས་ཚོགས་གོང་འོག་བཅས་གསུམ་པོ་ཆ་ཚང་ལ་མང་གཙོ་ཚོགས་པའི་སྟངས་འཛིན་སླེབས་ཀྱི་ཡོད་འདུག་པས། འདེམས་ཐོན་སྲིད་འཛིན་གྱིས་ཁྲིམས་འཆར་དང་ལས་འཆར་ཁག དེ་བཞིན་ཁྲིམས་དཔོན་དང་དྲུང་ཆེ་བསྐོ་གཞག་གི་ལས་དོན་ལ་རྒྱབ་སྐྱོར་ཐོབ་རྒྱུ་ལས་སླ་པོ་ཆགས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།