མང་གཙོའི་འགན་ཁུར་དང་ལྷ་སྲུང་གི་ལུང་བསྟན།

ནགས་ཕྲན་པ་བསོད་ནམས་ཚེ་རིང་།

ལྷ་སྲུང་གི་ལུང་བསྟན་ལ་དད་མོས་དང་མང་གཙོའི་འགན་ཁུར་ལ་དཔྱད་པ།
བོད་ཀྱི་སྤྱི་ཚོགས་ནང་ཆོས་སྐྱོང་སྲུང་མ་དང་། ལྷག་པར་དུ་གནས་ཆུང་ཆོས་རྒྱལ་ཆེན་པོ་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་བསྟེན་དགྲ་ལྷ་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་ཆུང་ལ་ཡིད་ཆེས་དང་བསྔགས་བརྗོད་ཡང་ནས་བསྐྱར་དུ་གནང་གི་ཡོད་པ་དང་། ལྷག་པར་དུ་ངའི་རྩ་བའི་བླ་མ་དང་གནས་ཆུང་དབར་ལ་ཡང་འབྲེལ་བ་ཟབ་མོ་ཡོད་པའི་རྒྱུ་མཚན་གྱིས་ང་ལ་གནས་ཆུང་ལ་དད་པའི་ས་བོན་བརྟན་པོ་ཞིག་བསྐྲུན་ཡོད། འོན་ཀྱང་། དད་པ་ནི་རྨོངས་དད་ཁོ་ན་མ་ཡིན་པར། དེང་རབས་ཀྱི་ཆབ་སྲིད་དང་མང་གཙོའི་ལམ་ལུགས་ནང་འགན་ཁུར་དང་རྒྱུ་མཚན་ནི་དེ་བས་ཀྱང་གལ་ཆེ་བར་མཐོང་།
ང་རང་གནས་ཆུང་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན་ཀྱང་། གནས་ཆུང་གི་མིང་བེད་སྤྱད་ནས་ལུང་བསྟན་རྫུན་མ་བྱེད་ཀྱི་ཡོད་མེད་ལ་དོགས་པ་བྱེད་པར་རྒྱུ་མཚན་ཡོད། གང་ཡིན་ཟེར་ན། ལྷ་དངོས་སུ་མིའི་ཁོག་ལ་ཞུགས་པའི་སྐབས་སུ་སྐུ་རྟེན་ནི་མི་ཞིག་ཡིན་པ་ལས་ལྷ་དངོས་མ་ཡིན་པ་དང་། ལྷག་པར་དུ་ལྷའི་གསུང་དེ་ང་ཚོ་སྤྱིར་བཏང་གི་མིས་ཤེས་ཀྱི་མེད་པས། ལུང་བསྟན་དེ་བོད་སྐད་དུ་བྲི་མཁན་སྐད་བསྒྱུར་དེའི་ལག་པར་གནད་དོན་ཆེ་ཤོས་ཡོད། བརྒྱུད་ལམ་འདིའི་ནང་མིའི་བསམ་བློ་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་འགྲོ་མི་སྲིད་པ་མིན་པས། ལུང་བསྟན་དེ་དངོས་གནས་ཡིན་མིན་ལ་དོགས་པ་བྱེད་ཆོག་པ་ཞིག་རེད། འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར། ལྷ་སྲུང་གི་ལུང་བསྟན་ཡིན་རབས་ཀྱིས་འོས་མི་རེ་ཟུང་ལ་སྐྱོན་བརྗོད་ནན་མོ་གནང་བའི་གནས་ཚུལ་ཐོན་པ་དེས། སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཤོག་ཁག་ཅིག་གིས་ལྷ་སྲུང་བེད་སྤྱོད་བཏང་ནས་རང་གི་ཁ་གཏད་ལ་འབུར་འཇོམས་བྱེད་ཐབས་བྱེད་ཀྱི་མེད་དམ་སྙམ་པའི་དོགས་པ་སྐྱེས་ཀྱི་འདུག
གལ་ཏེ་ལྷ་སྲུང་ལ་ལྐོག་གྱུར་གྱི་མངོན་ཤེས་དངོས་གནས་ཡོད་ན། ང་ཚོས་རྒྱ་ནག་དང་མཉམ་དུ་ཐབས་ལམ་གང་འདྲ་ཞིག་བྱས་ནས་བོད་ཀྱི་རང་དབང་སླར་གསོ་བྱེད་ཐུབ་མིན་དང་། ད་ལྟ་བཙན་བྱོལ་བོད་གཞུང་ལ་འཕྲད་བཞིན་པའི་དཔལ་འབྱོར་གྱི་དཀའ་ངལ་སེལ་ཐབས་ཇི་ལྟར་དགོས་པ། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ནང་ཤོག་ཁག་བར་འཆམ་མཐུན་མེད་པའི་དཀའ་ངལ་འདི་དག་སེལ་བའི་ཆེད་དུ་ནུས་པ་འདོན་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་མཐོང་། ལྷ་སྲུང་གི་ནུས་པ་དེ་ཆབ་སྲིད་པའི་འཁྲུག་རྩོད་ཀྱི་ལག་ཆ་མ་ཡིན་པར། བོད་སྤྱི་པའི་དཀའ་ངལ་སེལ་བའི་ལམ་སྟོན་ཞིག་ཏུ་འགྱུར་ན་ནི་དད་པ་ཡོད་མཁན་ཚོར་ཡང་ཡིད་ཆེས་འཕེལ་བའི་གཞི་རྩ་ཞིག་ཏུ་འགྱུར་ངེས་རེད།
འཛམ་གླིང་གི་རྒྱལ་ཁབ་གཞན་དཔེར་ན། ཨ་རི་དང་། རྒྱ་གར། ཐེ་ལན། འབར་མ། ཀོ་རི་ཡ་སོགས་ཀྱི་ནང་དུའང་སྔར་ནས་ད་བར་སྲིད་དོན་པ་ཚོས་སྐར་རྩིས་དང་ལྷ་པ་བསྟེན་པའི་སྲོལ་ཡོད། འོན་ཀྱང་། རྒྱལ་ཁབ་དེ་དག་གི་ནང་དུ་འདི་འདྲའི་བྱ་བ་ནི་སྲིད་དོན་པ་སྒེར་གྱི་དད་མོས་དང་གསང་བའི་བྱ་བ་ཞིག་ཏུ་བརྩི་བ་ལས། རྒྱལ་ཁབ་ཀྱི་ལམ་ལུགས་དངོས་ཀྱི་ནང་དུ་གཏོགས་ཀྱི་མེད། ཐ་ན་ཨ་རིའི་སྲིད་འཛིན་རེ་གན་(Ronald Wilson Reagan)གྱི་བཟའ་ཟླས་སྐར་རྩིས་པ་བསྟེན་པ་དང་། ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པས་(Park Geun-hye)ལྷ་པ་བསྟེན་པའི་གནས་ཚུལ་ཕྱིར་གྱར་བའི་སྐབས། མང་གཙོའི་སྤྱི་ཚོགས་ནང་སྐྱོན་བརྗོད་དྲག་པོ་ཕོག་པ་མ་ཟད། དེ་ནི་རྒྱུ་མཚན་རིག་པ་དང་འགལ་བའི་ལྐོག་གྱུར་གྱི་ཤུགས་རྐྱེན་དུ་བརྩིས་ནས་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོ་བཟོས་ཡོད།
བོད་པའི་ལུགས་སྲོལ་ལ་མཚོན་ན། འདི་ནི་རིག་གནས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིན་ཏུ་ཟབ་པོ་ཡོད་པའི་ལམ་ལུགས་ཤིག་ཡིན་མོད། དེང་རབས་མང་གཙོའི་ལྟ་གྲུབ་དང་ཆབ་སྲིད་རིག་པའི་ཁྱབ་ཁོངས་ནས། རྒྱལ་ཁབ་གཞན་གྱི་སྲིད་དོན་པས་སྒེར་གྱི་ངོས་ནས་ལྐོག་ཏུ་བྱེད་པའི་བྱ་བ་ལའང་མང་གཙོའི་དགག་པ་ཡོད་ན། ང་ཚོས་གཞུང་འབྲེལ་གྱི་ཐོག་ནས་ལྐོག་གྱུར་གྱི་ལུང་བསྟན་ལ་བརྟེན་པ་དེ་དེ་བས་ཀྱང་མང་གཙོའི་ལམ་སྲོལ་དང་མི་མཐུན་པ་ཆགས་ཀྱི་མེད་དམ་སྙམ་པའི་དོགས་པ་འཆར་གྱི་འདུག དེས་ན་དེང་རབས་ཀྱི་ལམ་ལུགས་ནང་འདི་འདྲའི་གཞུང་འབྲེལ་གྱི་བྱེད་བབ་དེ་དག་དོར་དགོས་པ་ཞིག་མིན་ནམ་སྙམ་པའི་དཔྱད་གཞི་ཞིག་གསལ་པོར་ཐོན་ཡོང་གི་འདུག
མང་གཙོའི་ལྟ་གྲུབ་ཀྱི་རྩ་བའི་གནད་དོན་དེ་བཅའ་ཁྲིམས་ནི་མཐོ་ཤོས་ཡིན་དགོས་པ་དེ་རེད། བཅའ་ཁྲིམས་ལས་ལྷག་པའམ་དེའི་གོང་ན་ལྷ་དང་བླ་མ་སུ་ཡང་ཡོད་མི་འོས། གལ་ཏེ་ལྷ་དང་བླ་མའི་ལུང་བསྟན་དེ་བཅའ་ཁྲིམས་ལས་གལ་ཆེ་བར་བརྩིས་ན། དེ་ནི་མང་གཙོའི་ལམ་ལུགས་ཀྱི་རྨང་གཞིར་གཏོར་བཤིག་གཏོང་བ་ཞིག་རེད། དེ་བཞིན་མང་ཚོགས་སྒེར་གྱི་བསམ་བློ་དང་འདོད་པ་ལ་ལྐོག་གྱུར་གྱི་ནུས་པའམ་ལུང་བསྟན་གྱི་མིང་ཐོག་ནས་དངོས་ཤུགས་བརྒྱུད་གསུམ་ནས་དབང་བསྒྱུར་དང་ཤུགས་རྐྱེན་སྤྲོད་མི་འོས་པ་དེ་ནི་དམངས་ཀྱི་བསམ་བློའི་རང་དབང་ལ་བརྩི་བཀུར་བྱེད་པའི་མང་གཙོའི་རྩ་དོན་གལ་ཆེན་ཞིག་རེད།
མི་སྒེར་གྱི་ངོས་ནས་ལྷ་སྲུང་དང་ལུང་བསྟན་ལ་ཡིད་ཆེས་བྱེད་པ་ནི་དད་མོས་རང་དབང་ཡིན་པས་དཀའ་ངལ་མེད། འོན་ཀྱང་། རྒྱལ་ཁབ་ཀྱི་གལ་ཆེའི་གནད་དོན་དང་། ལྷག་པར་དུ་འོས་བསྡུ་ལྟ་བུའི་དམངས་ཀྱི་ཐག་གཅོད་ལ་ལྷ་སྲུང་བེད་སྤྱོད་བཏང་ནས་ཤུགས་རྐྱེན་སྤྲོད་པ་དེས་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་དང་མཐུན་གྱི་ཡོད་མེད་ཐེ་ཚོམ་འདུག ལྷ་སྲུང་གི་ལུང་བསྟན་དེ་ནི་བོད་མིའི་འོས་བསྡུའི་ལས་རིམ་ལམ་འགྲོ་ཡོང་བར་རིམ་གྲོ་གང་དགོས་ཀྱི་ལམ་སྟོན་གནང་ན་ནི་འོས་ཤིང་མཚམས་པ་ཞིག་ཏུ་མཐོང་།
མཇུག་བསྡོམས།
ང་ཚོས་ཆོས་ལུགས་ལ་དད་པ་བྱེད་དགོས་ལ། ལྷ་སྲུང་ལ་དག་སྣང་ཡང་སྦྱོང་དགོས། འོན་ཀྱང་དེ་དག་གིས་མང་གཙོའི་ལམ་ལུགས་དང་། མི་དམངས་ཀྱི་རང་དབང་གི་ཐག་གཅོད་ལ་བར་ཆད་གཏོང་མི་ཉན། ལྷ་སྲུང་གི་ལུང་བསྟན་དེ་ནི་བོད་སྤྱི་པའི་དོན་ཆེན་དང་། རིམ་གྲོ་བྱིན་རླབས་ཀྱི་ཆེད་དུ་ཡིན་དགོས་པ་ལས། འོས་བསྡུའི་ནང་ཕྱོགས་རེས་དང་སྐྱོན་བརྗོད་བྱེད་པའི་ལག་ཆ་ཞིག་ཏུ་འགྱུར་མི་འོས། ང་ཚོའི་མང་གཙོ་ནི་རྒྱུ་མཚན་དང་ཁྲིམས་ལུགས་ལ་གཞི་བཅོལ་བའི་དྭངས་གཙང་ཞིག་དགོས་པ་ལས། ལྐོག་གྱུར་གྱི་ལུང་བསྟན་དང་མགོ་རྙོག་གི་བྱེད་བབ་འོག་ཏུ་ཚུད་མི་ཉན་སྙམ་མོ།།
རྩོམ་སྒྲིག་ཁང་གིས་ཡིག་ནོར་ཁག་ཅིག་ལ་བཅོས་ཡོད་པ་ལས་གཞན་སོར་འཇོག་བྱས་ཡོད། རྩོམ་ཡིག་གི་ནང་དོན་རྩོམ་པ་པོ་སྒེར་གྱི་ལྟ་ཚུལ་ཡིན་པ་ལས་བོད་ཀྱི་བང་ཆེན་གསར་ཁང་གི་ལྟ་བ་ཡིན་པའི་ཁྱབ་པ་མེད།