མངའ་སྡེའི་གྲོས་ཚོགས་འཐུས་མིར་བུ་ཁྲིད་ལགས་འདེམས་ཐོན་བྱུང་འདུག
བོད་པའི་བུད་མེད་དཀར་པོ་ཆེ་བུ་ཁྲིད་ལགས་ཁེ་ན་ཌའི་ཨོན་ཀྲེ་རོ་མངའ་སྡེའི་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་འདུག་པ་དང་། ཁོང་ནི་བྱང་ཨ་རིའི་ནང་བོད་མི་ཞིག་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་བ་ཐེངས་དང་པོ་དེ་ཡིན་པ་རེད།
ཟླ་༦ པའི་ཚེས་༧ ཉིན་ཁེ་ན་ཌའི་མངའ་སྡེའི་ཨོན་ཀྲེ་རོའི་གྲོས་ཚོགས་འོས་བསྡུར། པག་ཌེལ་ཧེ་པག་ས་གནས་ཀྱི་འཐུས་མིར་བོད་པའི་བུད་མེད་དཀར་པོ་ཆེ་བུ་འཁྲིད་ལགས་སུ་འོས་གྲངས་ཚད་མཐོའི་ཐོག་ནས་རྒྱལ་ཁ་ཐོབ་འདུག་པ་དང་། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བོད་མི་ཚོ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་དགའ་བསུ་ཆེན་པོ་ཞུ་བཞིན་འདུག ཁོང་ནི་བྱང་ཨ་རིའི་ནང་མངའ་སྡེའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་བའི་བོད་མི་ཐོག་མ་དེ་ཡིན་པ་རེད།
དེ་ཡང་ཕྱི་ལོ་༢༠༡༧ ལོའི་ཟླ་༩ པའི་ནང་ཁེ་ན་ཌའི་མང་གཙོ་ཚོགས་པ་གསར་པ་ཞེས་པའི་སྲིད་དོན་ཚོགས་པས། ཕྱི་ལོ་༢༠༡༨ ལོའི་ཨོན་ཌེ་རོའི་མངའ་སྡེའི་གྲོས་ཚོགས་འོས་བསྡུར། པག་ཌེལ་དང་ཧེ་པག་ས་གནས་ཀྱི་འཐུས་མིར་བསྐོ་གཞག་བྱས་ཡོད་པ་རེད།
དཀར་པོ་ཆེ་བུ་ཁྲིད་ལགས་བལ་ཡུལ་ནས་ཡིན་པ་དང་། རྒྱ་གར་ནས་གཞི་རིམ་སློབ་སྦྱོང་བྱས་རྗེས། ཕྱི་ལོ་༢༠༠༢ ལོར་ཁེ་ན་ཌར་གནས་སྤོས་བྱས་ཡོད་པ་དང་། དེ་གར་སློབ་སྦྱོང་མུ་མཐུད་བྱས་ཏེ་སྤྱི་དམངས་འཕྲོད་བསྟེན་སྲིད་བྱུས་ཐོག་འབུམ་རམས་པའི་སློབ་གཉེར་བྱེད་བཞིན་ཡོད་འདུག ཁོང་གིས་སྐབས་༤ མངའ་སྡེའི་གྲོས་ཚོགས་འཐུས་མི་བྱེད་མྱོང་མཁན་ཆཱེ་རི་ཌེ་ནོ་ཝོའི་ལས་ཁུངས་སུ་ལོ་བརྒྱད་ལས་ཀ་བྱས་ཡོད་འདུག་པ་དང་། རྗེས་སུ་ལས་ཁུངས་དེའི་ལས་བྱེད་མཐོ་ཤོས་ཆགས་ཡོད་པ་རེད་འདུག
ཁོང་གིས་ཨོན་ཀྲེ་རོའི་ནང་མི་རྣམས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཆེད། གཞུང་གི་སློབ་གྲྭ་དང་འཕྲོད་བསྟེན་ལྟ་སྐྱོང་། དེ་བཞིན་ས་ཁང་དང་ལས་ཀ་སོགས་ཀྱི་ཐོག་ལ་ལས་ཀ་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།