མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༧ པ་ལེགས་འགྲུབ་བྱུང་བ།
མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་ཆེན་ཐེངས་༡༧ པའི་དགོས་དམིགས་གཙོ་བོ་ནི་གཞིས་ཆགས་བསྲ་བརྟན་དང། མཉམ་འབྲེལ་ཁག་གི་ལས་དོན་ཚགས་ཚུད་ཡོང་ཐབས་བཅས་ཡིན་པ་རེད་འདུག
འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༢ ནས་༢༤ བར་ཉིན་གསུམ་རིང་སྤྱི་མཐུན་མཉམ་འབྲེལ་གྱིས་མཐུན་འགྱུར་གོ་སྒྲིག་དང་མོན་གྷོ་འདོད་རྒུ་གླིང་ས་གནས་མཉམ་འབྲེལ་གྱི་འབྲེལ་མཐུད་འོག བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༧ པ་དེ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་འཚོགས་ཡོད་ཅིང་། ཕྱི་ཚེས་༢༢ ཉིན་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་དབུས། ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་དང་། བོད་མི་མང་སྤྱི་འཐུས་ཕྱོགས་བཞུགས་དགེ་བཤེས་བློ་བཟང་ཕན་བདེ། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན། ས་གནས་འཐུས་མི། ས་གནས་རང་དབང་བདེན་པའི་ལས་འགུལ་གྱི་འཐུས་མི། དགོན་སྡེ་ཁག་གི་ཕྱག་མཛོད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། སློབ་གྲྭ་ཁག་གི་དགེ་ལས་དང་སློབ་ཕྲུག གཞིས་གྲོང་ཁག་གི་སྤྱི་མི་བཅས་ཆེད་ཕེབས་གནང་ཡོད་པ་རེད།
ད་ཐེངས་ཀྱི་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་ཆེན་འཚོགས་པའི་དགོས་དོན་གཙོ་བོ་ནི་སྤྱིར་གཞིས་ཆགས་བསྲ་བརྟན་དང་། ཡང་སྒོས་མཉམ་འབྲེལ་ཁག་གི་ལས་དོན་ཚགས་ཚུད་ཡོང་ཐབས་བཅས་ལ་དམིགས་པ་ཞིག་ཡིན་པ་རེད།
ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་སྐབས་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་ཡིད་དགས་སྐུ་མགྲོན་རྣམ་པར་དགའ་བསུའི་འཚམས་འདྲི་དང་། ད་ལྟའི་བོད་མིའི་གཞི་རིམ་མཉམ་འབྲེལ་ཁག་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅས་ཀྱི་གང་ཅིའི་གནས་སྟངས་ངོ་སྤྲོད་ཞུས་རྗེས། བོད་མི་མང་སྤྱི་འཐུས་ལས་ཐོག་དང་སྤྱི་མཉམ་ཚོགས་གཙོ་པདྨ་བདེ་ལེགས་ཀྱིས་བོད་མིའི་མཉམ་འབྲེལ་གྱི་འཕེལ་རིམ་དང་མ་འོངས་ལས་འཆར། བོད་མིའི་མཉམ་འབྲེལ་ཁག་སྔར་ལྷག་ཚགས་ཚུད་དང་མི་ཉམས་རྒྱུན་འཛིན་ཡོང་ཐབས་སུ། ཤས་བདག་མང་ཚོགས་ནས་ཆ་ཤས་གང་མང་ལེན་དགོས་པ་དང་མཉམ་འབྲེལ་ལས་སྣེ་རྣམས་ནས་ཀྱང་མ་ཤས་བདག་པོ་ལ་མཐུན་འགྱུར་དང་ཁེ་ཕན་གང་མང་བསྐྲུན་དགོས་པའི་ལམ་སྟོན་གནང་།
དེ་རྗེས་གདན་ཞུས་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་ཚོགས་ཞུགས་པ་རྣམས་གལ་གནད་ཅན་གྱི་མཉམ་འབྲེལ་གྱི་ཚོགས་འདུར་ཞུགས་པ་ཙམ་མ་ཡིན་པར། མཉམ་འབྲེལ་སོ་སོའི་དཀའ་ངལ་སེལ་ཐབས་སུ་འགན་ཆེ་བཞེས་བྱ་རྒྱུ་གལ་ཆེ་སྐོར་དང་། གཞི་རིམ་སོ་ནམ་མཉམ་འབྲེལ་དེ་རྒྱ་གར་ནང་རྒྱུན་གནས་དང་སྲ་བརྟན་ཡོང་བར་འབད་བརྩོན་བྱེད་རྒྱུ་གལ་ཆེ་སྐོར། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་གཞི་ལ་གཞི་བཅོལ་བའི་ཐོག་གཞི་རིམ་མཉམ་འབྲེལ་ཁག་གིས་འཆར་གཞི་ལྡན་པའི་ཐོག་ནས་གོམ་པ་མདུན་བསྐྱོད་ཀྱི་ལས་འཆར་སྤེལ་དགོས་སྐོར་སོགས་གསུངས་ཡོད་པ་རེད།
ཚོགས་ཆེན་གྱི་ཉིན་དང་པོར་ས་གནས་མཉམ་འབྲེལ་ཁག་གི་འདས་པའི་ལོ་གཅིག་གི་ལས་བསྡོམས་དང་རྩིས་ཁྲ། འབྱུང་འགྱུར་ལས་དོན་བྱེད་འཆར་དང་སྔོན་རྩིས་སྐོར་སྙན་སེང་གི་ཐོག ཕན་ཚུན་ལེགས་སྤེལ་ཉེས་འགོག་གི་དྲི་བ་དྲིས་ལན་བྱས་ཡོད་པ་དང་། ཉིན་གཉིས་པར་སྔར་ལོའི་འཛིན་སྐྱོང་ཚོགས་ཆེན་སྐབས་བཞག་པའི་གྲོས་ཆོད་ཁག་ལག་བསྟར་མཇུག་སྐྱོང་བྱུང་མིན་གནས་སྟངས་ལ་དཔྱད་ཞིབ་དང་། ལས་དོན་ལག་བསྟར་བྱ་དགོས་རིགས་འཇུག་སྐྱོང་བྱ་ཚུལ་སྐོར་ལ་གྲོས་བསྡུར་བྱས་ཡོད་མ་ཟད། ཉིན་གཉིས་པ་དང་གསུམ་པར་ས་གནས་མཉམ་འབྲེལ་ཁག་ཚོགས་ཆུང་གསུམ་དུ་ཆ་བགོས་ཀྱིས་མ་འོངས་མཉམ་འབྲེལ་གྱི་ལས་གཞི་རྒྱ་བསྐྱེད་དང་འཛིན་སྐྱོང་ཚགས་ཚུད་གཏོང་ཕྱོགས་སོགས་ཀྱི་གལ་ཆེའི་ལས་དོན་དང་འབྲེལ་བའི་གྲོས་གཞིའི་ཐོག་གོ་བསྡུར་སྦྱང་བཤད་བྱས་ནས་ཉིན་མཐའ་མར་གྲོས་ཆོད་རྣམས་གཏན་འབེབས་གནང་ཡོད་པ་རེད།
འཛིན་སྐྱོང་ཚོགས་ཆེན་འདིའི་ཐོག་མཉམ་ཞུགས་གནང་མཁན་མཉམ་འབྲེལ་ཁག་༡༥ ཡི་ཚོགས་གཙོ་དང། མཉམ་དྲུང། མཉམ་འབྲེལ་རེ་ནས་འགན་འཐུས་རེ། སྤྱི་མཉམ་སྤྱི་ཁྱབ་འགན་འཛིན་གཙོས་སྤྱི་མཉམ་ལས་དབུས་ལས་བྱེད་དང་སྡེ་ཚན་ཁག་གི་འགན་འཛིན། མོན་གྷོ་མཉམ་འབྲེལ་གྱི་འགན་ལྷན་བཅས་ཁྱོན་མི་སྣ་གྲངས། ༦༠ ལྷག་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད་པ་རེད།
ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་སྤྱི་ཚོགས་དང་ཤས་བདག་ལ་ཞབས་འདེགས་ལེགས་ཤོས་ཞུ་མཁན་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་དང། ལས་གཞི་གསར་གཏོད་ལེགས་ཤོས་ཞུ་མཁན་མེའོ་ཆོས་འཕེལ་གླིང་མཉམ་འབྲེལ། ཚོང་ཁེ་དང་དཔལ་འབྱོར་གྱི་གནས་སྟངས་ལེགས་ཤོས་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ། ལས་བསྡོམས་བཟོ་འབུལ་དང་སྤྱན་དར་ལེགས་ཤོས་ཞུ་མཁན་རྡ་ས་མཉམ་འབྲེལ་བཅས་ལ་ངོས་འཛིན་ཐོག་མཉམ་འབྲེལ་ཁག་ནས་ལས་དོན་རྩེད་ཕུད་ཀྱི་བྱ་དགའ་བསྩལ་ཡོད་པ་རེད།
ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་མོན་གྷོ་མཉམ་འབྲེལ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༥༠ འཁོར་བའི་ལོ་རྒྱུས་དྲན་དེབ་ཅིག་དབུ་འབྱེད་གནང་ཡོད་པ་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་མོན་གྷོ་མཉམ་འབྲེལ་བཙུགས་ཏེ་སྤྱི་ཚོགས་ལ་མཐུན་འགྱུར་དང་ཞབས་འདེགས་རྒྱ་ཆེ་ཞུས་པར་འཚམས་འདྲི་དང་ལེགས་གསོའི་བྱ་དགའ་ཡང་བརྩལ་ཡོད་པ་རེད། །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།