མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ་ཐེངས་༧༨ པ་སྲུང་བརྩི་དང་འགྱུར་དེབ་དབུ་འབྱེད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ་སྲུང་བརྩི་དང་། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་ལམ་སྟོན་འགྱུར་དེབ་གཅིག་དབུ་འབྱེད་གནང་སོང་།
ཕྱི་ཟླ་༡༠ ཚེས་༢༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་ཏེ་མི་ལོ་༧༨ འཁོར་བའི་ཉིན་མོ་དང་བསྟུན་ནས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐབ་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་ཞེས་པའི་འགྱུར་དེབ་གཅིག་དབུ་འབྱེད་གནང་སོང་ལ། དེ་ཡང་བོད་མིའི་རང་དབང་དང་ཐོབ་ཐང་འཐབ་རྩོད་གནང་མཁན་གྱི་སྤྱི་སྒེར་ཡོངས་ལ་ཕན་པར་དམིགས་ཏེ། བོད་ཡིག་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ནང་ནས། གལ་འགངས་ཆེ་ཤོས་དམིགས་བསལ་བརྒྱུད་རིམ་Special Procedure གྱི་སྐོར་ཡིག་སྒྱུར་གནང་བ་ཞིག་ཡིན་པར་བཀོད་འདུག སྐབས་དེར་དེ་གའི་ལྟེ་གནས་ཁང་གི་ཁྲིམས་དོན་ལས་བྱེད་ཕུར་བུ་སྒྲོལ་མ་དང་ཉམས་ཞིབ་པ་ཉི་མ་འོད་ཟེར་གཉིས་ནས་དཔེ་དེབ་དབུ་འབྱེད་དང་འབྲེལ་ཏེ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་ལ། ཕུར་བུ་སྒྲོལ་མས་མཉམ་འབྲེལ་རྒྱལ་ཚོགས་དེ་ང་ཚོས་རེ་འབོད་ཞུ་སའི་ཟམ་པ་ལྟ་བུ་ཆགས་ཡོད་པ་དང་། ད་བར་དམིགས་བསལ་བརྒྱུད་རིམ་གྱི་ཐོག་ནས་ལོ་གཅིག་དང་ཕྱེད་ཀྱི་རིང་བོད་ནང་གི་ཆབ་སྲིད་བཙོན་པ་༢༡ དང་ཕྱི་ཟླ་༡༠ པའི་ནང་ཚུལ་ཁྲིམས་དང་ཚེ་བྷོ། དབང་ཆེན་བཅས་ཀྱི་སྐོར་ཕུལ་བའི་སྐོར་དང་། དེ་བཞིན་དམིགས་བསལ་བརྒྱུད་རིམ་བེད་སྤྱོད་ཇི་ལྟར་གནང་གི་ཡོད་མེད་ཀྱི་ངོ་སྤྲོད། དེ་གའི་ལྟེ་གནས་ཁང་ནས་གནས་ཚུལ་མང་པོ་ལས་གནས་ཚུལ་ཞིབ་ཚགས་པོ་ཞིག་གཏོང་ཐབས་གལ་ཆེན་བརྩི་གི་ཡོད་པ། བཙན་བྱོལ་ནང་ལྟེ་གནས་ཁང་འདི་གཅིག་པུ་དེ་ཡིན་པ་དང་ཆབ་སྲིད་བཙོན་ཟུར་གྱི་གྲངས་དང་ལོ་རྒྱུས་སོགས་ཀྱི་གནས་ཚུལ་ཉར་རྒྱུ་བཅས་གནང་བཞིན་པ། མ་འོངས་ཡར་རྒྱས་ཇི་ལྟར་གཏོང་དགོས་འབད་བརྩོན་གནང་གི་ཡིན་པའི་སྐོར་སོགས་གསུངས་སོང་། དེ་བཞིན་ཉམས་ཞིབ་པ་ཉི་མ་འོད་ཟེར་གྱིས་འགྱུར་དེབ་ཀྱི་ངོ་སྤྲོད་དང་འབྲེལ་ཏེ་དམིགས་བསལ་བརྒྱུད་རིམ་གྱིས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གནང་ཚུལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་དང་ང་ཚོའི་བར་གྱི་འབྲེལ་བ་ག་རེ་ཡོད་མེད། ཁོང་ཚོ་དང་འབྲེལ་བ་གནང་ཚུལ། རྒྱ་ནག་ལྟ་བུ་ཡིན་ན་ག་དུས་ཡིན་ཡང་སོ་སོའི་སྣང་བརྙན་དེ་རྒྱལ་སྤྱིའི་སྒང་ལ་ཡག་པོ་བཟོ་ཡ་ཐབས་ཤེས་བྱེད་ཀྱི་ཡོད་རུང་། དམིགས་བསལ་བརྒྱུད་རིམ་གྱིས་ཆབ་སྲིད་དཔལ་འབྱོར་གྱི་གཡོ་འོག་མ་ཚུད་པར་དངོས་ཡོད་གནས་དོན་ག་རེ་ཡིན་པ་དེ་གླེང་སློང་མང་པོ་བྱུང་ནས་རྒྱ་ནག་ལ་འགྲམ་ལྕག་རག་ཡོད་པའི་སྐོར། དེ་བཞིན་ཕ་གིར་གོ་སྐབས་ཡོད་ཀྱང་འདི་ནས་གོ་སྐབས་ལེན་མཁན་ཉུང་ཉུང་ཡིན་པ་དང་འདི་གའི་ལྟེ་གནས་ཁང་ལ་མཚོན་ན་ལས་བྱེད་སྦར་གང་ལས་མེད་པ་དང་ནུས་པ་ཡང་ཚད་བཀག་ཡོད་པས། བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་མི་ཚང་མས་འགན་ཁུར་བའི་ཐོག་ནས་བརྒྱུད་ལམ་དེ་བེད་སྤྱོད་བཏང་ན་གྲུབ་འབྲས་ཆེན་པོ་ཐོབ་པའི་རེ་བ་དང་གོ་སྐབས་ཡོད་རེད་ཅེས་གསུངས་སོང་། གཞན་ཡང་གསར་འགོད་པས་དམིགས་བསལ་བརྒྱུད་རིམ་ཐོག་ནས་རྒྱ་ནག་གཞུང་ལ་གནོད་ཤུགས་ཇི་ཙམ་ཐེབས་ཐུབ་ཀྱི་ཡོད་མེད་སོགས་ཀྱི་དྲི་བའི་ལན་དུ། ཁོང་རྣམ་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དེར་དམིགས་བསལ་བརྒྱུད་རིམ་ཐོག་ནས་ཁོང་ཚོར་གནོད་ཤུགས་འཕྲོད་ཀྱི་ཡོད་པ་དེ། བོད་ནང་གི་གནས་ཚུལ་ཕྱི་ལོགས་སུ་མ་གྱར་བར་བཀག་སྡོམ་ཆེད་འགྲོ་སོང་ཆེན་པོ་གཏོང་གི་ཡོད་པ་དེ་ཚོས་གནོད་ཤུགས་འཕྲོད་ཀྱི་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ཚུལ་དང་། གཞན་ཡང་དངོས་དོན་གྱི་སྣང་བརྙན་དེ་དག་ང་ཚོས་སྡིངས་ཆ་ཆེན་པོ་ཞིག་གི་སྒང་ལ་སྐྱེལ་ཐུབ་ན་ད་ག་རང་གིས་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་དང་། བོད་ནང་གི་གནས་ཚུལ་ཛ་དྲག་ཡིན་པ་དེ་རྒྱལ་སྤྱིའི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་དེ་ལ་དོ་སྣང་དགོས་པའི་གནས་སྟངས་ཤིག་ཆགས་ཡོང་གི་ཡོད་པ། དེ་འདྲའི་གནས་དོན་ཞིག་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུའི་སྡིངས་ཆ་ཆེན་པོ་ཞིག་གི་སྒང་ལ་གསལ་འདོན་བྱེད་མ་ཐུབ་པ་ཡིན་ན། མི་མང་པོས་དེང་སང་བོད་ནང་ཤིན་ཅང་དེ་ཚོ་ནང་བཞིན་ཛ་དྲག་ཡོད་ས་མ་རེད་བསམ་གྱི་ཡོད་པ་བཞིན་བསམ་རྒྱུའི་ཉེན་ཁ་ཡང་ཡོད་པ། དེ་བཞིན་ཆབ་སྲིད་བཙོན་པ་སྒེར་གྱི་ངོས་ནས་དོན་གྲུབ་དབང་ཆེན་གྱིས་ངའི་གནས་ཚུལ་དེ་རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་བསླེབས་ཙམ་རྒྱ་ནག་གཞུང་གིས་ད་ག་ཙམ་ང་ལ་ལག་པ་འཆང་གི་མི་འདུག་གསུང་གི་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་ཀྱང་གནས་ཚུལ་དེ་ད་ལྟའི་ཆར་ཆེན་པོ་ཆགས་ཡོད་པས་ང་ཚོས་ད་ག་ཙམ་ལག་པ་འཆང་ཆོག་ཆོག་མི་འདུག་སྙམ་པའི་གནོང་ཞིག་ཡོད་པ་སོགས་ལན་འདེབས་གནང་སོང་།
གསར་འགོད་པ་བསྟན་འཛིན་ལམ་བཟང་།
