མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་ལ་ཞིབ་བཤེར་ཐེངས་བཞི་པའི་སྐབས་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས་འདུག
ཟླ་འདིའི་ཚེས་༢༣ ་ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོངས་ཁྱབ་རེས་འཁོར་ཞིབ་བཤེར་ཐེངས་བཞི་པ་དེ་སུད་སིའི་གྲོང་ཁྱེར་ཇེ་ནི་ཝ་(Geneva) ལ་བྱེད་རྒྱུ་ཡིན་པར་བརྟེན། འདས་པའི་ལོ་ངོ་གཅིག་ཙམ་གྱི་རིང་འཛམ་གླིང་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་རྒྱལ་ཚོགས་སུ་ཡོངས་ཁྱབ་རེས་འཁོར་ཞིབ་བཤེར་ཐེངས་བཞི་པའི་ཐོག་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་སོགས་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་ཐོག་གླེང་སློང་དགོས་པའི་སྙན་ཞུ་མང་དག་ཅིག་འབྲེལ་ཡོད་ཚོགས་པ་ཁག་ལ་ཕུལ་ཡོད་འདུག

ཟླ་འདིའི་ཚེས་༡༧ ཉིན་བོད་རང་དབང་(FREE TIBET) ་ཞེས་པའི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བོད་རང་དབང་ཞེས་པའི་ཚོགས་པས་འཛམ་གླིང་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༧༠༠༠ ལྷག་གི་མཚན་རྟགས་བསྡུས་པའི་སྙན་ཞུ་ཞིག་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་སུ་ཕུལ་ནས་ཟླ་འདིའི་ཚེས་༢༣ ཉིན་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་ལ་ཞིབ་བཤེར་ཐེངས་བཞི་པ་དེ་བྱེད་པའི་སྐབས། བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
གཞན་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༡ ཉིན་འཛམ་གླིང་ནང་ཆོས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་ཚོགས་པ་ཁག་༣༥ ཡིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཨོ་མར་(Omar Zniber) ་ཀྱི་མཚན་ཐོག་ཏུ་ཕྱི་ལོ་༢༠༡༨ ལོའི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ལྷན་ཚོགས་སྐབས་ནས་བཟུང་།
རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཚུད་པའི་ཆོས་ལུགས་འདྲ་མིན་གྱི་རང་དབང་ལ་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་མུས་ཡིན་སྟབས། འཚོག་ལ་ཉེ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་ཞིབ་ཀྱི་ཚོགས་འདུའི་སྟེང་། རྒྱ་ནག་གཞུང་གིས་བོད་མི་གཙོར་བྱས་པའི་ཡུ་གུར་གྱི་ཁ་ཆེ་བ་དང་། ཡེ་ཤུ་པ་སོགས་ལ་དྲག་གནོན་ཚབས་ཆེན་བྱས་དང་བྱེད་བཞིན་པའི་གནད་དོན་གླེང་དགོས་པའི་ཞུ་ཡིག་ཕུལ་འདུག།
ཡོངས་ཁྱབ་རེས་འཁོར་ཞིབ་བཤེར་ཞེས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་གསར་གཏོད་བྱས་པའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན། ཡོངས་ཁྱབ་རེས་འཁོར་ཞིབ་བཤེར་གྱི་ལས་དོན་ཚན་ཁག་གིས་འཛམ་གླིང་རྒྱལ་ཁབ་ཐམས་ཅད་ལ་ལྟ་སྟངས་གཅིག་མཚུངས་སུ་འཛིན་པའི་རྩ་དོན་གཞི་རྩར་བཞག་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་༡༩༣ཚང་མའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་ལས་དོན་སོགས་ལ་རེས་མོས་བཞིན་ཞིབ་བཤེར་བྱེད་ཀྱི་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཞེས་པའི་དཔེ་དེབ་ནང་གནས་ཚུལ་འཁོད་གསལ་ལྟར་ན། ཕྱི་ལོ་༢༠༡༨ ལོའི་ཟླ་༡༡ ཚེས་༦ ་ཉིན་རྒྱ་ནག་ལ་ཞིབ་བཤེར་ཐེངས་གསུམ་པ་དེ་བྱེད་སྐབས། རྒྱལ་ཁབ་༡༥༠ ཡི་སྐུ་ཚབ་མཉམ་ཞུགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་ལ་དམིགས་པའི་སྐུལ་འདེབས་གྲངས༣༤༦ ་བྱུང་བའི་ནང་ནས་གྲངས་༢༨༤ ་ལ་རྒྱ་ནག་གིས་ངོས་ལེན་བྱས་ཡོད་ཅིང་གཞུང་འབྲེལ་གྱི་ལན་འདེབས་སྙན་ཐོའི་དུས་བཀག་ཕྱི་ལོ་༢༠༢༣ ལོར་འཁེལ་ཡོད་འདུག།
རེས་འཁོར་གསུམ་པའི་སྐབས་སུ་ནུབ་ཕྱོགས་མང་གཙོའི་རྒྱལ་ཁབ་མང་པོས་རྒྱ་ནག་ལ་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་སྤྱི་ཆིངས་ལག་བསྟར་ཁས་ལེན་དགོས་པ་དང་བོད་དང་ཡུ་གུར་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་དང་འབྲེལ་བའི་སྐུལ་འདེབས་བྱས་པ་ཕལ་ཆེ་བར་རྒྱ་ནག་གིས་ངོས་ལེན་བྱས་མེད་ཀྱང་། འཇར་མན་དང་ཧྥ་རན་སི། སུད་སི་སོགས་ཀྱིས་བོད་དང་ཡུ་གུར་སོགས་ལ་ཆོས་དད་རང་མོས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོབ་ཐང་དགོས་པ། ནིའུ་ཛི་ལན་གྱིས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པ་སོགས་ཀྱི་སྐུལ་འདེབས་ལ་རྒྱ་ནག་གིས་ངོས་ལེན་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།