མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་དུ་ཧ་མ་སི་དང་ཨེ་སི་རེལ་གྱི་དམག་འཁྲུག་མཚམས་འཇོག་གི་གྲོས་འཆར་འགྲོ་ཐུབ་མི་འདུག
ཟླ་འདིའི་ཚེས་༡༡ ཉིན་རྒྱལ་སྤྱིའི་གསར་གྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧ་མ་སི་དང་ཨི་སི་རེལ་བར་དམག་འཁྲུག་ལངས་ནས་ཟླ་བ་གཉིས་ལྷག་ཕྱིན་ཞིང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་དུ་ཕྱོགས་གཉིས་བར་དམག་འཁྲུག་མཚམས་འཇོག་དགོས་པའི་གྲོས་འཆར་འགྲོ་ཐུབ་མེད་པ་དང་། ད་ལྟའི་ཆར་དམག་འཁྲུག་མཚམས་འཇོག་གི་རེ་བ་ཉུང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཧ་མ་སི་དང་ཨི་སི་རེལ་བར་དམག་འཁྲུག་ལངས་ནས་ད་བར་ཟླ་བ་གཉིས་ལྷག་ཕྱིན་ཡོད་པ་དང་། ཧ་མ་སིས་ཐོག་མར་ཨི་སི་རེལ་ལ་གཏོར་རྒོལ་བྱེད་དུས་ཨི་སི་རེལ་གྱི་མི་གྲངས་༡༢༠༠ བསད་ཡོད་པ་དང་མི་གྲངས་༡༤༠ འཛིན་བཟུང་བྱས་ནས་གཏའ་མི་ལ་ཉར་བཞིན་ཡོད་པར་བརྗོད་འདུག གྷ་རྫ་ལ་ཡོད་པའི་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱིས་བརྗོད་གསལ་ལྟར་ན། ཨི་སི་རེལ་གྱིས་ཧ་མ་སི་ལ་འཁོན་ལན་བསླགས་ཤིང་། ད་བར་གནམ་ས་མཚོ་གསུམ་ནས་གཏོར་རྒོལ་བྱས་ནས་མི་གྲངས་༡༨༠༠༠ ཙམ་བསད་ཡོད་འདུག ཕྱོགས་གཉིས་ཀྱི་དམག་འཁྲུག་བར་འདུམ་བྱེད་མཁན་གཙོ་བོ་ཁ་ཐར་རྒྱལ་ཁབ་ཀྱིས། ཕྱོགས་གཉིས་ཀྱི་དམག་འཁྲུག་ཡང་བསྐྱར་མཚམས་འཇོག་བྱེད་རྒྱུའི་ལམ་ཁ་དོག་ཏུ་འགྲོ་བཞིན་ཡོད་ཀྱང་། ཁ་ཐར་རྒྱལ་ཁབ་ཀྱིས་ཕྱོགས་གཉིས་ཀ་ལ་གནོན་ཤུགས་མུ་མཐུད་སྤྲད་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་འདུག ཁ་ཐར་རྒྱལ་ཁབ་སོགས་ཀྱིས་ཟླ་བ་སྔོན་མའི་ནང་བར་འདུམ་བྱས་ནས་ཕྱོགས་གཉིས་བར་དམག་འཁྲུག་བདུན་ཕྲག་གཅིག་གི་རིང་མཚམས་འཇོག་བྱས་ཡོད་འདུག
ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཁང་དུ། ཧ་མ་སི་དངཨི་སི་རེལ་གྱི་དམག་འཁྲུག་མཚམས་འཇོག་དགོས་པའི་ཐོག་འོས་བླུགས་ཀྱང་། རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་ཚོགས་ཁོངས་རྒྱལ་ཁབ་༡༥ ལས་ཚོགས་ཁོངས་རྒྱལ་ཁབ་༡༣ གྱིས་དམག་འཁྲུག་མཚམས་འཇོག་དགོས་པའི་འོས་བླུགས་ཡོད་པ་དང་། དབྱིན་ཇིས་འོས་བསྡུའི་ནང་མཉམ་ཞུགས་བྱས་མེད་པ་རེད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་ཁོངས་སུ་གཏན་འཇགས་རྒྱལ་ཁབ་ལྔ་དང་གཏན་འཇགས་མ་ཡིན་པའི་རྒྱལ་ཁབ་བཅུ་ཡོད་འདུག གྲོས་ཆོད་ཅི་རིགས་གཏན་འབེབས་བྱེད་པར་གཏན་འཇགས་རྒྱལ་ཁབ་ཚང་མས་འོས་བླུག་དགོས་ཀྱི་ཡོད་ཀྱང་། ཐེངས་འདིའི་གྲོས་འཆར་ཐོག་ཨ་རིས་དགག་བྱ་བྱས་པར་གྲོས་འཆར་དེ་འགྲོ་ཐུབ་མེད་པ་རེད་འདུག
ཨ་རི་དང་ཨི་སི་རེལ་གཉིས་ཀས་དམག་འཁྲུག་མཚམས་འཇོག་བྱས་ན་ཧ་མ་སི་གཅིག་པུ་ལ་ཁེ་ཕན་རག་གི་ཡོད་པ་ཡིད་ཆེས་བྱས་ནས་དམག་འཁྲུག་མཚམས་འཇོག་ལ་དགག་བྱ་བྱས་འདུག ཡིན་ཡང་། ཨ་རིའི་གཞུང་གིས་དམག་འཁྲུག་མཚམས་བཞག་ནས་ལོ་འདིའི་ཕྱི་ཟླ་༡༠ ཚེས་༧ ཉིན། ཧ་མ་སིས་འཛིན་བཟུང་བྱས་པའི་གཏའ་མི་ཚང་མ་གློད་བཀྲོལ་གཏོང་དགོས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།
དེ་བཞིན་ཨི་སི་རེལ་གྱི་སྲིད་བློན་གྱིས་ཨུ་རུ་སུའི་སྲིད་འཛིན་ལ་ཁ་པར་བཏང་ནས་དུས་ཡུན་སྐར་མ་ལྔ་བཅུ་ཙམ་བཀའ་མོལ་གནང་ཡོད་པ་དང་། ཨུ་རུ་སུ་དང་ཨི་རན་བར་གྱི་མཉམ་ལས་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཨུ་རུ་སུས་རྒྱ་གྲམ་དམར་པོའི་ཚོགས་པ་ལ་གནོན་ཤུགས་སྤྲད་ནས་ཧ་མ་སིས་འཛིན་བཟུང་བྱས་པའི་གཏའ་མི་ཚོ་ལ་ཐུག་འཕྲད་དང་སྨན་སོགས་མཁོ་སྤྲོད་བྱེད་པའི་རེ་སྐུལ་ཞུས་ཡོད་འདུག དམག་འཁྲུག་འགོ་བཙུགས་ནས་བཟུང་། ཧ་མ་སིས་འཛིན་བཟུང་བྱས་པའི་གཏའ་མི་ཚོ་ལ་ལྟ་ཁ་འགྲོ་མཁན་རྒྱལ་སྤྱི་ཚོགས་པ་གཅིག་ཀྱང་བྱུང་མེད་པ་རེད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།
