མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག
ཟླ་འདིའི་ཚེས་༣ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་ཚོགས་གཞོན་དང་དྲུང་ཆེས་གཙོས་པའི་རྒྱུན་ལས་བཞི་དང་ནེའུ་ཡོག་ས་གནས་ཆུ་སྒང་གི་རྒྱུན་ལས་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ཆེད་བཅར་ཡོད་པ་རེད།
སྐབས་དེར་ནེའུ་ཡོག་ས་གནས་སུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་ཚོགས་ཁང་དུ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ་དང་ལྷན་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་སྙན་ཞུ་དོན་ཚན་བརྒྱད་ཅན་ཞིག་ཕུལ་ཡོད་པ་རེད་ལ། དེའི་ཐད་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུའི་རིང་བཀའ་མོལ་གནང་ཡོད་པ་རེད།
བླ་རུང་ཆོས་སྒར་ཆེན་མོ་གཏོར་བཤིག་གཏོང་བཞིན་པ་དང་གྲྭ་བཙུན་གནས་དབྱུང་གཏོང་བཞིན་པ་རྣམས་མཚམས་འཇོག་ཡོང་ཐབས་དགོས། ཉེ་ཆར་བོད་མི་༡༠ ལ་ལོ་ལྔ་ནས་བཅུ་བཞིའི་བར་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་པ་ཚོར་རང་དབང་ལྡན་པའི་ཁྲིམས་རྩོད་པ་དང་ཁྲིམས་རྩོད་ཀྱི་རང་དབང་ཆ་ཚང་ཡོང་ཐབས་དགོས། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཆེད་གཏོང་དགོས། བོད་རྒྱའི་དཀའ་རྙོག་སེལ་བར་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་གང་མགྱོགས་ཞི་མོལ་ཡོང་ཐབས་དགོས་རྒྱུ། བོད་ནང་དུ་ཆོས་ལུགས་དད་མོས་ལ་དམ་དྲག་དང་། ཚད་བཀག་བྱེད་བཞིན་པ་རྣམས་མཚམས་འཇོག་ཐོག་རང་དབང་སྤྲོད་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་ཉེས་མེད་ཆབ་སྲིད་བཙོན་པ་དང་ཆོས་བྱེད་མི་སྣ་སོགས་གློད་གྲོལ་དགོས། བོད་ནང་གི་གཏེར་ཁ་སྔོག་འདོན་གྱིས་མཚོན་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པ་རྣམས་མཚམས་འཇོག་ཡོང་ཐབས་དགོས། རྒྱ་གཞུང་གི་བོད་ནང་དུ་རྒྱ་མི་རིགས་འབོལ་ཆེན་གནས་སྤོའི་འོག་བོད་ས་རུ་བོད་མི་གྲངས་ཉུང་མི་རིགས་སུ་བསྒྱུར་བཞིན་པ་མཚམས་འཇོག་ཡོང་ཐབས་དགོས་པ་བཅས་འཁོད་ཡོད་པ་རེད།།
