མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བུད་མེད་ཅིག་འདེམས་སྲིད་པ།
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གསར་པ་འདེམས་པའི་ལས་རིམ་འགྲོ་བཞིན་ཡོད་པས། རྒྱལ་ཚོགས་ཀྱི་ལོ་༧༠ ཡི་ལོ་རྒྱུས་ནང་ཐེངས་དང་པོར་བུད་མེད་ཅིག་འདེམས་ཐོན་བྱུང་སྲིད་པ་ཡིན་འདུག
དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལས་གནས་ཀྱི་ལས་ཡུན་རྫོགས་ལ་ཉེ་བའི་སྐུ་ཞབས་བྷེན་ཀེ་མོན་གྱིས། ད་བར་བུད་མེད་ཀྱིས་རྒྱལ་ཚོགས་དེ་སྣེ་ཁྲིད་བྱས་པ་བྱུང་མྱོང་མེད་པས། ཐེངས་འདིར་བུད་མེད་ཅིག་དྲུང་ཆེར་འདེམས་ཐོན་བྱུང་བའི་དུས་ལ་སླེབས་ཡོད་པས། རེ་བ་རྒྱག་གི་ཡོད་པ་དང་། འོས་མིའི་ནང་བུད་མེད་འཇོན་ཐང་དང་སེམས་ཤུགས་ཡོད་མཁན་མང་པོ་ཡོད་སྐོར་བརྗོད་འདུག
ད་ལྟའི་ཆར་དྲུང་ཆེའི་འོས་མི་༡༡ ཡོད་པ་ལས་བུད་མེད་༥ དང་སྐྱེས་པ་༦ ཡོད་འདུག་ཀྱང་། བུད་མེད་༥ ལས་གཅིག་འདེམས་ཐོན་བྱུང་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག དེ་ཡང་ཟླ་༡༠ པའི་ནང་འདེམས་ཐོན་གྲུབ་རྒྱུ་དང་། ཕྱི་ལོ་༢༠༡༧ ཟླ་༡ པོ་ནས་དྲུང་ཆེ་གསར་པའི་ལས་འགན་ཁུར་རྒྱུ་ཡིན་པ་རེད་འདུག
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དེ་ཐོག་མར་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིས་ངོ་སྤྲོད་རྒྱབ་གཉེར་བྱེད་དགོས་པ་དང་། དེ་རྗེས་རྒྱལ་ཚོགས་ཀྱི་གྲོས་ཚོགས་ནང་ཚོགས་མི་རྒྱལ་ཁབ་༡༨༣ གྱིས་འོས་བསྡུ་བྱེད་ཀྱི་ཡོད་པ་རེད། དྲུང་ཆེ་འདེམས་ཕྱོགས་ཀྱི་ལམ་ལུགས་ལ་གཞིགས་ན། རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཨ་རི་དང་། རྒྱ་ནག ཨུ་རུ་སུ། དབྱིན་ཡུལ། ཧྥ་རན་སི་བཅས་ནས་དྲུང་ཆེ་འདེམས་སྲོལ་མེད་པ་ཡང་དབང་ཆ་གཅིག་བསྡུས་མི་ཡོང་བའི་ཆེད་ཡིན་འདུག
ད་བར་ཤར་ཡུ་རོབ་དང་ཨུ་རུ་སུའི་ས་ཁུལ་ནས་དྲུང་ཆེ་བྱུང་མེད་པས། ཁུལ་དེ་ལས་དྲུང་ཆེ་འདེམས་ཐོན་བྱུང་སྲིད་པ་རེད་འདུག་ཀྱང་། འོས་མིར་ཞུགས་མཁན་ཤར་ཡུ་རོབ་དང་ལྷོ་ཨ་མི་རི་ཀ། ནུབ་ཡུ་རོབ། ཨོ་སེ་ཀྲོ་ལི་ཡ་བཅས་ནས་ཡོད་འདུག
ད་བར་གྱི་རྒྱལ་ཚོགས་ཀྱི་དྲུང་ཆེའི་འོས་འདེམས་བརྒྱུད་རིམ་དེ་གསང་བའི་ཐོག་བྱེད་ཀྱི་ཡོད་པས། དེ་ལ་སྐྱོན་བརྗོད་བྱེད་མཁན་བྱུང་ནས། ཐེངས་འདིར་འོས་མི་ཚོར་ངོ་གཏུགས་འདྲི་གླིང་བྱས་ཡོད་པ་དང་། དེ་བཞིན་བརྙན་ཕྲིན་དང་མི་མང་མདུན་དུ་གཏམ་བཤད་དང་བགྲོ་གླེང་སོགས་བྱེད་དུ་བཅུག་ཡོད་འདུག
འོས་མིའི་ནང་ནས་འདེམས་ཐོན་བྱུང་རེ་ཆེ་ཤོས་གཉིས་ཀ་བུད་མེད་ཡིན་འདུག་པ་དང་། ཁོང་གཉིས་ནི་བྷལ་གྷེ་རི་ཡ་ (Bulgaria) རྒྱལ་ཁབ་ཀྱི་དབྱེ་རེ་ན་བྷོ་ཀོ་ཝ་(Irina Bokova) དང་། ཨ་ར་ཇེན་ཊི་ན་(Argentina) རྒྱལ་ཁབ་ཀྱི་སུ་ས་ན་མལ་ཁཱོ་རཱ་(Susana Malcorra)གཉིས་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།