མཐུན་ཕྱོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཊོམ་གྱི་བྱེད་སྟངས་ལ་སྐྱོན་བརྗོད་བྱས་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་ཁེ་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་སྐོར་བརྗོད་ནས། ཡུ་རོབ་མཐུན་ཚོགས་དང་ཁེ་ན་ཌ། དེ་བཞིན་མེག་སི་ཀོ་བཅས་ལ་ནང་འདྲེན་གྱི་སྒོ་ཁྲལ་དངོས་སུ་ལག་བསྟར་བྱས་འདུག་པས། རྒྱལ་ཁབ་དེ་དག་གི་འགོ་ཁྲིད་ཚོས་སྐྱོན་བརྗོད་དང་སྦྲགས་ནས། རྒོལ་ལན་སློག་རྒྱུའི་གསལ་བསྒྲགས་བྱས་འདུག
ཟླ་༦ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཟླ་༣ པའི་ནང་ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱལ་སྤྱིའི་ཚོང་འབྲེལ་ཁྲོད། རྒྱ་ནག་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་ཨ་རིར་གྱོང་གུན་ཆེན་པོ་གཏོང་བཞིན་ཡོད་ཚུལ་བརྗོད་ནས། རྒྱ་ནག་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་ནས་ཨ་རིར་ཅ་དངོས་ནང་འདྲེན་བྱེད་པར་སྒོ་ཁྲལ་སྤར་རྒྱུའི་འཆར་གཞི་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་རེད། དེའི་རྗེས་སུ་རྒྱལ་ཁབ་གཞན་དང་གྲོས་མོལ་བྱས་ཀྱང་གྲུབ་འབྲས་ཐོན་མི་འདུག་པས། ཊོམ་གྱིས་ཟླ་༦ པའི་ཚེས་༡ ཉིན་སྒོ་ཁྲལ་གྱི་འཆར་གཞི་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་རེད་འདུག
དེ་ཡང་ཡུ་རོབ་མཐུན་ཚོགས་དང་ཁེ་ན་ཌ། མེག་སི་ཀོ་བཅས་ནས་ནང་འདྲེན་བྱེད་བཞིན་པའི་ལྕགས་ཀྱི་ཅ་དངོས་ལ་སྒོ་ཁྲལ་བརྒྱ་ཆ་༢༥ དང་ཧ་ཡང་གི་ཅ་དངོས་ལ་བརྒྱ་ཆ་༡༠ རྒྱག་རྒྱུ་ལག་བསྟར་དངོས་སུ་བྱས་འདུག་པས། ཧྥ་རན་སིའི་སྲིད་འཛིན་མཱེ་ཁོན་གྱིས་ཁ་པར་བརྒྱུད་ནས་ཊོམ་ལ་བྱེད་སྟངས་དེ་ནི་ཁྲིམས་འགལ་ཡིན་པ་དང་། ཡུ་རོབ་ཀྱིས་བྱེད་སྟངས་དེར་རྒོལ་ལན་གཅིག་མཚུངས་སློག་རྒྱུ་ཡིན་སྐོར་བརྗོད་འདུག
ཊོམ་གྱིས་ཐག་གཅོད་དེ་དག་སྐྱེལ་བྱེད་ཆེད་དུ། ཨ་རིའི་ནང་གི་ལྕགས་དང་ཧ་ཡང་བཟོ་སྐྲུན་བྱེད་མཁན་རྣམས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གལ་ཆེན་ཡིན་པ་དང་། རྒྱལ་སྤྱིའི་ཐོག་ནས་ཅ་དངོས་དེ་གཉིས་མཁོ་སྤྲོད་ཚད་མེད་བྱེད་ཀྱི་ཡོད་པས། ཨ་རིའི་ནང་གི་བཟོ་སྐྲུན་པ་ཚོར་ཉེན་ཁ་བཟོ་ཡི་ཡོད་སྐོར་བསྒྲགས་འདུག་ཀྱང་། ཁེ་ན་ཌའི་སྲིད་བློན་ཀྲུ་ཌེའུ་ཡིས་འགྲེལ་བཤད་དེ་ནི་དམའ་འབེབས་ཞིག་ཡིན་པ་དང་། ཁེ་ན་ཌ་རྒྱལ་ཁབ་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་རྩིས་པ་དེ་ནི་བློ་ངོར་མི་ཤོང་བ་ཞིག་ཡིན་སྐོར་གྱི་ལན་འདེབས་བྱས་འདུག
དབྱིན་ཡུལ་གྱི་ཚོང་འབྲེལ་དྲུང་ཆེ་ཧྥོག་སེ་ཡིས་ལྕགས་ལ་སྒོ་ཁྲལ་བརྒྱ་ཆ་༢༥ རྒྱག་པ་དེ་ནི་རྒྱུ་མཚན་དང་མི་མཐུན་པ་ཞིག་ཡིན་པས། གལ་ཏེ་དབྱིན་ཡུལ་དང་མཐུན་ཕྱོགས་རྒྱལ་ཁབ་ཉེ་ཤོས་ཨ་རི་བར་ཕན་ཚུན་རྒོལ་ལན་སློག་རེས་བྱེད་དགོས་པ་ཆགས་ཚེ་ཐབས་སྐྱོ་པོ་ཡིན་སྐོར་བརྗོད་འདུག་པ་དང་། མེག་སི་ཀོའི་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ཁབ་དེའི་ཁེ་དབང་སྲུང་སྐྱོན་བྱེད་ཆེད། ཨ་རིར་སྒོ་ཁྲལ་རྒྱག་རྒྱུ་ཡིན་སྐོར་བསྒྲགས་འདུག
ཨ་རིའི་བྱེད་སྟངས་ལ་རྒོལ་ལན་སློག་ཆེད་དུ། ཟླ་༧ པའི་ཚེས་༡ ནས་ཁེ་ན་ཌའི་ནང་ཨ་རི་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་གི་འབོར་ཨ་སྒོར་འཐེར་འབུམ་༡༣ ཙམ་སྒོ་ཁྲལ་བརྒྱ་ཆ་༢༥ རྒྱག་རྒྱུ་ཡིན་སྐོར་དང་། མེག་སི་ཀོས་ཀྱང་ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ་རྒྱག་རྒྱུ་ཡིན་འདུག དེ་བཞིན་ཡུ་རོབ་ཀྱིས་རྒོལ་ལན་སློག་ཆེད་སྒོ་ཁྲལ་གྱི་ཐོ་གྲངས་ཤོག་ལྷེ་༡༠ གྲ་སྒྲིག་བྱས་ཡོད་པ་དང་། དེ་བཞིན་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་ལ་དེའི་སྐོར་ཞུ་གཏུག་རྒྱག་རྒྱུའི་གསལ་བསྒྲགས་བྱས་འདུག
གལ་ཏེ་ཕན་ཚུན་རྒོལ་ལན་སློག་རེས་བྱས་ནས་བསྡད་ཚེ། མ་རྩ་འཛུགས་མཁན་རྣམས་གདེང་ཚོད་མེད་པ་ཆགས་ནས། འཛམ་གླིང་གི་དཔལ་འབྱོར་ལ་གྱོང་གུད་འགྲོ་སྲིད་པའི་སེམས་འཚབ་བྱེད་མཁན་མང་པོ་ཡོད་འདུག་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོས་དེ་ལྟར་བྱས་ཚེ་ཕྱོགས་གཉིས་ཀའི་དཔལ་འབྱོར་འཕེལ་རྒྱས་ལ་གེགས་ཆགས་རྒྱུ་ཡིན་སྐོར་བསྒྲགས་འདུག
ཨ་རིའི་འབྲེལ་ཡོད་ལས་བྱེད་ཚོས་བརྗོད་དོན་ལྟར་ན། ད་ལྟའི་ཆར་བྷི་ར་ཛེལ་དང་ཨར་ཇེན་ཀྲི་ན། ཨོ་སི་ཀྲོ་ལི་ཡ་བཅས་ཀྱིས་ཨ་རིར་ལྕགས་ནང་འདྲེན་བྱེད་པའི་གྲངས་འབོར་ཚད་བཀག་བྱེད་རྒྱུ་ཁས་ལེན་བྱས་ཏེ། ཨ་རིས་སྒོ་ཁྲལ་མི་རྒྱག་རྒྱུའི་ཁས་ལེན་བྱས་ཡོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་སྐབས་སུ། རྒྱལ་སྤྱིའི་ཁྲོད་ཀྱི་འབྲེལ་ལམ་གང་འདྲ་ཞིག་ཡིན་ན་ཡང་། ཨ་རིིའི་ཁེ་དབང་དེ་དང་པོར་འཇོག་རྒྱུ་ཡིན་ཡང་། རྒྱལ་ཁབ་གཞན་ལ་གྱོང་གཏོང་རྒྱུ་མིན་སྐོར་བསྒྲགས་ཡོད་པ་ལྟར། ཁོང་གིས་རྒྱལ་སྤྱིའི་ནང་གི་ཚོང་འབྲེལ་ལྷན་ཚོགས་མི་འདྲ་བ་ཁག་ཅིག་ནས་ཨ་རི་ཕྱིར་འཐེན་བྱས་ཏེ་གྲོས་མོལ་བསྐྱར་དུ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་ལ་ཡང་སྒོ་ཁྲལ་གསར་པ་རྒྱག་བཞིན་ཡོད་པས། གལ་ཏེ་ཨ་རི་དང་རྒྱལ་ཁབ་གཞན་དབར་ཚོང་འབྲེལ་གྱི་དམག་འཁྲུག་བརྒྱབ་ཚེ། འཛམ་གླིང་གི་དཔལ་འབྱོར་གནས་སྟངས་ཛ་དྲག་པོ་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།