མདོ་སྨད་རྔ་པ་རུ་གྲྭ་བློ་བཟང་སྐལ་བཟང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

ཟླ་འདིའི་ཚེས་༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་༣ ཙམ་ལ་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་སྐལ་བཟང་གིས་རྔ་པ་རྫོང་མཁར་གྱི་སྲང་ལམ་ནས་”བོད་ཁ་བ་ཅན་ལ་རང་དབང་དགོས། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག” ཟེར་བཞིན་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་སྟེ་གོམ་བགྲོད་བྱས་ཡོད་ཀྱང་། སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་ཉེན་རྟོག་པས་ཁོང་བཙན་ཁྲིད་བྱས་པ་དང། དེ་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད།

2 Lobsang kalsang 05ཁོང་ནི་རྔ་པ་རྫོང་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཕ་ཚེ་རིང་བརྟན་ཁོ་དང་། མ་ལྷ་སྐྱིད་གཉིས་ལ་བུ་མུ་མོ་བཞི་ཡོད་པའི་གཉིས་པ་ཡིན་པ་དང། ད་ལྟ་རང་ལོ་༡༩ ཡིན་འདུག ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། ༢༠༡༤ ལོར་སྔོན་འགྲོའི་འཛིན་གྲྭ་མཐར་ཕྱིན་ནས་དེང་སྐབས་མཚན་ཉིད་ཀྱི་འཛིན་གྲྭ་ཁ་དོག་དཀར་དམར་ཡིན་ཞིང་། ལོ་སྔོན་མར་ཁོང་གི་ཤག་རོགས་དང་མ་སྤུན་ཡིན་པའི་བློ་བཟང་བསྟན་པས་རྔ་པའི་སྲང་ལམ་ནས་ངོ་རྒོལ་སྐད་འབོད་གནང་སྟེ་ལོ་༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས། དེང་སྐབས་བཙོན་ཁང་དུ་ཡོད་པ་རེད། ༢༠༠༨ ལོར་ཁོང་གི་ཞང་པོ་ཚེ་བདག་དང་ཆོས་འཕེལ་གཉིས་ལ་ལོ་༦ དང་༤ ལ་བཙོན་འཇུག་བྱེད་མྱོང་ཡོད་པ་རེད།

གྲྭ་བློ་བཟང་སྐལ་བཟང་གིས་ངོ་རྒོལ་སྐབས་དེར་རྔ་པའི་སྲང་ལམ་ནས་མི་སྐྱ་ཞིག་ཀྱང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་འདུག་ཀྱང་། མིང་དང་ཕ་ཡུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་བཅས་ཀྱི་གནས་ཚུལ་དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འགྲེལ་བརྗོད་གནང་སོང་། སྐབས་དེར་རྔ་པའི་སྲང་ལམ་དུ་བརྙན་ཕྲིན་བརྒྱབ་པའི་ནང་དུ་གྲྭ་བློ་བཟང་སྐལ་བཟང་གིས་སྐད་འབོད་བྱས་པོ་དང་། རྒྱ་ནག་གིས་དམག་གིས་འཇུ་བཟུང་བྱས་པ་སོགས་མཐོང་ཐུབ་པ་མ་ཟད། སྐྱེས་དམན་ཞིག་གིས་རྒྱལ་དབང་རིན་པོ་ཆེ་མཁྱེན། དམག་གིས་འདུག་གི་མི་འཇུག་གི། ཚང་མ་བསད་འགྲོ་ཡི་འདུག་ཅེས་བརྗོད་པའི་སྐད་ཆ་གོ་ཐུབ་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
བརྙན་འཕྲིན་་