མནར་གཅོད་ཀྱི་ལན་དུ་རེ་བའི་གླུ་གཞས་ལེན་གྱིན་འོང་བའི་བུད་མེད་ཅིག་ཅེས་པའི་དེབ་གཅིག་དབུ་འབྱེད་གནང་སོང་།
ཟླ་འདིའི་ཚེས་༢༤ ཉིན་གྱི་ཞོགས་པ་རྡ་སར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་དུ་“ཕུན་ཚོགས་ཉི་སྒྲོན། མནར་གཅོད་ཀྱི་ལན་དུ་རེ་བའི་གླུ་གཞས་ལེན་གྱིན་འོང་བའི་བུད་མེད་ཅིག་”ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཐེངས་འདིའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གྱི་གཙོ་བོ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་གཙོས་པའི་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་དང་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ཕེབས་འདུག
སྐུ་མགྲོན་གཙོ་བོ་དང་དཔེ་དེབ་ནང་གི་མི་སྣ་གཙོ་བོ་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་གསུང་བཤད་གནང་བའི་སྐབས། རྒྱ་ནག་གི་བཙོན་ཁང་དུ་མྱངས་པའི་མནར་གཅོད་དག་ནི་དམྱལ་བ་དངོས་སུ་བསླེབས་པ་ལྟ་བུ་ཡི་ཚོར་སྣང་བྱུང་ཞེས་དང་། མ་འོངས་པར་གཞོན་སྐྱེས་ཚོས་དཔེ་དེབ་དེ་བཀླགས་ནས་རྒྱ་ནག་གིས་བོད་མི་ཚོ་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བ་དག་ཤེས་ནས་བོད་ཀྱི་ཆེད་དུ་ལས་ཀ་ཞིག་བྱེད་དགོས་བསམ་པའི་ཚོར་བ་ཞིག་སྐྱེ་བའི་རེ་བ་འཆང་གི་ཡོད་ཅེས་གསུངས་སོང་།
དཔེ་དེབ་དེའི་བརྗོད་བྱ་ལ་མཚོན་ན་ཐོག་མ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་གྱིས་༡༩༨༩ ལོར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་སྐོར་དང་། བར་དུ་རྒྱ་གཞུང་གིས་བཙོན་ཁང་དུ་ཁྱི་གློད་ནས་འཇིགས་སྣང་སྐུལ་བ་དང་། གློག་རྒྱུག་དང་རྒྱུག་པ་སོགས་ལག་ཆ་འདྲ་མིན་བེད་སྤྱོད་བཏང་ནས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ཡང་། བཙོན་ཁང་དུ་མུ་མཐུད་ནས་ཟས་བཅད་ངོ་རྒོལ་དང་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་བའི་སྐོར། མཐར་བཙོན་ཁང་ནས་གློད་བཀྲོལ་ཐོབ་སྟེ་སྨན་བཅོས་ཀྱི་དོན་དུ་ཨ་རིར་ཕེབས་རྗེས། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁོང་ཉིད་ལ་དྲང་བདེན་དང་འཚེ་མེད་ཞི་བའི་བོད་དོན་འཐབ་རྩོད་ལ་ངོས་འཛིན་ཚད་མཐོན་པོ་གནང་སྟེ་བྱ་དགའ་ཡང་ཐོབ་ཡོད་པའི་སྐོར་བཅས།མདོར་ན་དཔེ་དེབ་དེ་ནི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་གྱི་མི་ཚེའི་ལོ་རྒྱུས་གཞི་ལ་བཞག་ནས་བརྩམས་པའི་བྱིས་པའི་དཔེ་དེབ་ཅིག་ཀྱང་ཆགས་ཡོད་འདུག
གཞན་ཡང་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བསྟི་གནས་ཁང་གི་འགན་འཛིན་བསྟན་འཛིན་ཆོས་འཛིན་ལགས་ཀྱིས་ཐོག་མའི་ཆར་དཔེ་དེབ་ལ་རིན་གོང་ཧིན་སྒོར་བརྒྱ་དང་ལྔ་བཅུ་ཙམ་བླངས་ནས་བཙོང་འཆར་ཡོད་ཀྱང་། འདས་པའི་ཉིན་ཁ་ཤས་ཀྱི་སྔོན་དུ་དཔེ་དེབ་ཀྱི་རི་མོ་བ་གློ་བུར་དུ་འདས་གྲོངས་སུ་ཕྱིན་པར་བརྟེན། ཁོང་ཉིད་ལ་རྗེས་དྲན་གྱི་ཆེད་དུ་པར་ཐེངས་དང་པོའི་དཔེ་དེབ་དག་རིན་མེད་དུ་འགྲེམས་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས་སོང་།
དེ་བཞིན་འཚེ་མེད་ཞི་བའི་ལྟ་གྲུབ་བསྟི་གནས་ཁང་གི་འཆར་འགོད་འགན་འཛིན་ཀུན་དགའ་སྤེན་པ་ལགས་ཀྱིས་བརྗོད་གསལ་ལྟར་ན། འཚེ་མེད་ཞི་བའི་ལྟ་གྲུབ་བསྟི་གནས་ཁང་ནི་ཕྱི་ལོ་༢༠༠༧ ལོར་དབུ་བརྙེས་པ་དང་། ཤེས་ཡོན་ཀྱི་ལས་གཞི་འདྲ་མིན་བརྒྱུད་ཞི་བདེ་དང་འཚེ་བ་མེད་པའི་ལམ་སྦྱོང་བརྡར་དང་གོང་མཐོར་གཏོང་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཤེས་ཡོན་བསྟི་གནས་ཤིག་ཆགས་ཡོད་པ་མ་ཟད། བསྟི་གནས་ཁང་འདི་ཉིད་ཀྱི་དམིགས་ཡུལ་གཙོ་བོ་ནི་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་རྩར་བཟུང་སྟེ། འགྲོ་བ་མིའི་བཟང་སྤྱོད་བསྐྱར་གསོ་ཡོང་ཐབས་དང་བོད་དང་བོད་ལྟ་བུ་བཙན་གནོན་འོག་ཡོད་པ་ཚོར་དྲང་བདེན་ཡོང་ཐབས་བྱ་རྒྱུ་དེ་ཆགས་ཡོད་འདུག།།
ཕུན་ཚོགས་ཉི་སྒྲོན། མནར་གཅོད་ཀྱི་ལན་དུ་རེ་བའི་གླུ་གཞས་ལེན་གྱིན་འོང་བའི་བུད་མེད་ཅིག་ཅེས་པའི་དཔེ་དེབ་འདི་ནི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་དཔར་འགྲེམས་བྱས་ཤིང་། འཇམ་བྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་རྩོམ་སྒྲིག་བྱས་པ་ཞིག་རེད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
