མཚན་མཐུན་འཁྲིག་སྤྱོད་བྱེད་མཁན་འཇུ་བཟུང་།
མཚན་མཐུན་འཁྲིག་སྤྱོད་བྱེད་མཁན་སྐྱེས་པ་འཇུ་བཟུང་བྱེད་པ་ནི་ཨིན་ཌོ་ནི་ཤི་ཡ་ནས་མཚན་མཐུན་འཁྲིག་སྤྱོད་པ་ལ་སྡང་ཟུག་ཆེ་རུ་འགྲོ་བཞིན་ཡོད་པའི་རྟགས་མཚན་ལྟ་བུར་མཐོང་གི་ཡོད་པ་རེད་འདུག
ཟླ་འདིའི་ཕྱི་ཚེས་༢༢ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༡ ཉིན་ཨིན་ཌོ་ནི་ཤི་ཡའི་རླངས་ཁྲུས་ཁང་ཞིག་ཏུ། སྐྱེས་པ་༡༤༡ གིས་མཚན་མཐུན་འཁྲིག་སྤྱོད་ཀྱི་སྟོན་མོ་ཞིག་ཏུ་འཛུལ་ཞུགས་བྱས་སྟབས། ཉེན་རྟོག་པས་དེ་དག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
ཉེན་རྟོག་པས་བརྗོད་པ་ལྟར་ན་འཛུལ་ཞུགས་བྱེད་མཁན་གྱི་ནང་དུ་དབྱིན་ཇི་ཞིག་དང་། སིང་གྷ་པོར་གྱི་མི་ཞིག་ཀྱང་ཡོད་འདུག་ལ། འཛུལ་ཞུགས་པ་རེ་རེས་སྟོན་མོ་དེར་འཛུལ་གླ་ཨ་སྒོར་༡༤ ཡི་འཛའ་ཐང་དང་མཚུངས་པའི་ཡུལ་དེའི་དངུལ་སྤྲད་ཡོད་འདུག
སྤྱིའི་ཆ་ནས་ཨིན་ཌོ་ནི་ཤི་ཡའི་རྒྱལ་ཁབ་ནང་། རྙིང་ཞེན་ཅན་གྱི་ཨ་ཁེ་ཞིང་ཆེན་ཕུད་པའི་ས་གནས་གཞན་རྣམས་སུ་མཚན་མཐུན་འཁྲིག་སྤྱོད་ཁྲིམས་འགལ་མིན་ཡང་། མཚན་མཐུན་འཁྲིག་སྤྱོད་པ་དང་། མཚན་འགྱུར་འཁྲིག་སྤྱོད་པ་སོགས་ཀྱི་གྲངས་འབོར་ཉུང་བའི་རྒྱལ་ཁབ་དེའི་ནང་དེ་དག་ལ་སྡང་ཟུག་ཆེ་རུ་འགྲོ་བཞིན་ཡོད་པ་རེད་འདུག
ཨིན་ཌོ་ནི་ཤི་ཡའི་རྒྱལ་ས་ཇ་ཀར་ཏའི་ཉེན་རྟོག་པའི་མགྲིན་ཚབ་མི་སྣ་ར་ཌེན་ཨར་གྷོས་བརྗོད་པ་ལྟར་ན། འཇུ་བཟུང་བྱས་པའི་མི་དེ་དག་ལ་འཆལ་སྤྱོད་ཀྱི་ཁྲིམས་ལ་རྒྱབ་འགལ་བྱས་པའི་རྒྱལ་ཁབ་ཀྱི་ཁྲིམས་ཕོག་སྲིད་སྐོར་དང་། སྐྱེས་པ་མཚན་མཐུན་འཁྲིག་སྤྱོད་པ་རྣམས་ཀྱིས་སྟོན་མོའི་སྐབས་གྱོན་གོས་ཕུད་ནས་ཁུ་བ་འབྱིན་པའི་གནས་ཚུལ་བྱུང་ཡོད་སྐོར་བཅས་འདུག
བདུན་ཕྲག་སྔོན་མའི་ནང་རྙིང་ཞེན་ཅན་གྱི་ཨ་ཁེ་ཞིང་ཆེན་ནང་སྐྱེས་པ་གཉིས་མཚན་མཐུན་འཁྲིག་སྤྱོད་ཀྱི་ལས་ལ་ཞུགས་ཀྱི་ཡོད་པ་གསལ་པོ་ཆགས་རྗེས་མང་ཚོགས་ཀྱི་མདུན་དུ་དབྱུག་པས་རྡུང་རྡེག་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག་ལ། ཞིང་ཆེན་དེའི་ནང་མཚན་མཐུན་འཁྲིག་སྤྱོད་ཁྲིམས་འགལ་ཡིན་པའི་ཁྲིམས་༢༠༡༤ ལོར་བཟོས་པ་ཡིན་འདུག
ཟླ་འདིའི་མགོ་སྟོད་དུ་ཨིན་ཌོ་ནི་ཤི་ཡའི་ཉེན་རྟོག་པས་སར་བྷ་ཡ་གྲོང་ཁྱེར་ཞེས་པ་ནས། སྐྱེས་པའི་མཚན་མཐུན་གྱི་སྟོན་མོ་ཞིག་འཚོགས་ཡོད་པའི་དོགས་གཞིའི་འོག་ནས་མི་༡༤ འཇུ་བཟུང་བྱས་ཡོད་འདུག་ལ། ཁོ་ཚོ་ལ་ཡང་འཆལ་སྤྱོད་ཀྱི་ཁྲིམས་ལ་རྒྱབ་གཏོད་བྱས་པའི་ཉེས་པ་ཕོག་སྲིད་པ་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།