མའོ་རྗེས་དྲན་རོལ་དབྱངས་སྤྲོ་ཚོགས་ཀྱིས་ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་ཁ་བྲལ་གཏོང་གི་རེད་ཟེར།

མའོ་ཙེ་ཏུང་རྗེས་དྲན་དེར་སྐྱོན་བརྗོད་བྱེད་མཁན་བྱུང་ནས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སེད་ཊི་ཎེ་དང་མེལ་སྦོམ་གཉིས་སུ། མའོ་ཙེ་ཏུང་གྲོངས་ནས། མི་ལོ་ཧྲིལ་པོ་༤༠ ཐམ་པ་འཁོར་བའི་རྗེས་དྲན་རོལ་དབྱངས་སྤྲོ་ཚོགས་ཞིག་འཚོགས་འཆར་ཡོད་པ་དེ་མེད་པ་བཟོས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཁུར་ཛི་(QUARTZ) གསར་ལམ་དུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ ནས་ཉིན་གསུམ་རིང་སེད་ཊི་ཎེ་གྲོང་ཁྱེར་དང་། ཕྱི་ཚེས་༩ ཉིན་མེལ་སྦོམ་གྲོང་ཁྱེར་བཅས་སུ། རིམ་པས་མའོ་ཙེ་ཏུང་གྲོངས་ནས་མི་ལོ་ཧྲིལ་པོ་༤༠ ཐམ་པ་འཁོར་བའི་དུས་དྲན་རོལ་དབྱངས་སྤྲོ་ཚོགས་ཞིག་འཚོགས་འཆར་ཡོད་པ་དེའི་ཐད། ཨོ་སི་ཊོ་ལི་ཡའི་བརྩི་མཐོང་དང་ལེན་ཚོགས་པས་( Embrace Australian Values Alliance ) གྲོང་ཁྱེར་གཉིས་ཀྱི་འགོ་ཁྲིད་དང་འཐུས་མི་རྣམ་པར་སྙན་ཞུ་ཞིག་ཕུལ་ཏེ། མའོ་ཙེ་ཏུང་ནི་ལོ་རྒྱུས་ཀྱི་ཐོག་ནས་ཆེས་གདུག་རྩུབ་ཅན་དང་། ཁྲིམས་འགལ་གྱི་སྲིད་དབང་སྒེར་འཛིན་པ་ཤུགས་ཆེ་ཤོས་ཤིག  དེ་བཞིན་མི་ས་ཡ་ ༧༠ ཙམ་གྱི་མི་གསོད་ལག་དམར་བ་དང་། རིག་གནས་མང་པོ་ཞིག་རྩ་མེད་བཟོ་མཁན་གྱི་གཏེ་བོ་ཡིན་པ་སོགས་རྒྱུ་མཚན་དུ་དྲངས་ནས། མའོ་ཙེ་ཏུང་རྗེས་དྲན་སྲུང་བརྩིའི་རོལ་དབྱངས་སྤྲོ་ཚོགས་དེ་མེད་པ་བཟོ་དགོས་པའི་སྙན་ཞུ་ཞིག་གྲོང་ཁྱེར་སོ་སོའི་འགོ་ཁྲིད་ཁག་ལ་ཕུལ་ཡོད་པ་བཞིན། གྲོང་ཁྱེར་གཉིས་ཀའི་ངོ་ཚབ་མི་སྣ་སོ་སོས་དུས་དྲན་སྲུང་བརྩིའི་རོལ་དབྱངས་སྤྲོ་ཚོགས་དེ་མེད་པ་བཟོས་པ་ཡིན་ཞེས་བསྒྲགས་ཡོད་འདུག

དེ་བཞིན་ཨོ་སི་ཊོ་ལི་ཡའི་བརྩི་མཐོང་དང་ལེན་ཚོགས་པས་མའོ་ནི་འགྲོ་བ་མིའི་རིགས་དང་། ཨོ་སི་ཊོ་ལི་ཡས་བརྩི་མཐོང་བྱེད་བཞིན་པའི་གནད་དོན་ཡོད་ཚད་ལ་རྒྱབ་གཏད་བྱེད་མཁན་གྱི་མི་སྣ་ཞིག་ཆགས་ཡོད་པ་མ་ཟད། ཁོ་རང་མི་སྒེར་གྱི་གཤིས་ཀའི་ཐད་ནས་ཀྱང་སྡུག་སྦྱོང་མནར་གཅོད་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་པའི་སྐྱོན་བརྗོད་ཀྱང་བྱས་ཡོད་འདུག

རོལ་དབྱངས་སྤྲོ་ཚོགས་དེ་གོ་སྒྲིག་བྱེད་མཁན་དང་སྦྱིན་བདག་ནི། ཨོ་སི་ཊོ་ལི་ཡའི་རྒྱལ་སྤྱིའི་རིག་གནས་བརྗེ་ལེན་ཚོགས་པ་(International Cultural Exchange Association Australia)སོགས་ཚོགས་སྡེ་ཁག་ཅིག་ཡིན་འདུག་ལ། དེ་དག་ནི་ཚོང་པའི་སྡེ་ཚན་དང་། རྒྱལ་ཞེན་མཐུན་ཚོགས་སོགས་རྒྱ་ནག་གི་ཕྱོགས་གཏོགས་ཡིན་འདུག གོ་སྒྲིག་པ་དེ་རང་གིས་ན་ནིང་ལོར་ཨོ་སི་ཊོ་ལི་ཡར་རྒྱ་ནག་དང་ཉི་ཧོང་གཉིས་དམག་འཁྲུག་བྱུང་ནས་མི་ལོ་༧༠ ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི་ཞིག་ཀྱང་གོ་སྒྲིག་བྱས་ཡོད་འདུག  རོལ་དབྱངས་སྤྲོ་ཚོགས་དེ་གོ་སྒྲིག་བྱས་པའི་དམིགས་ཡུལ་ནི་རྒྱ་ནག་གི་མཚན་སྙན་ཡར་རྒྱས་གཏོང་ཕྱིར་ཡིན་འདུག

ཨོ་སི་ཊོ་ལི་ཡ་ལ་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱིས་ཤུགས་རྐྱེན་ཆེ་རུ་ཕྱིན་ནས། པེ་ཅིང་གཞུང་དང་ཁན་བྷེ་ར་(Canberra) གཞུང་གཉིས་ཀྱི་འབྲེལ་བ་ལ་དོགས་གནད་ཆེན་པོའི་ཡོད་པའི་དུས་སུ་མའོ་རྗེས་དྲན་རོལ་དབྱངས་སྤྲོ་ཚོགས་ཞེས་པ་འདི་ཏག་ཏག་བྱུང་བ་ཞིག་རེད་ཡོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།