མལ་ཌེབ་སི་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་བསྡུ་དང་རྒྱ་དཀར་ནག་གི་ཤུགས་རྐྱེན།

མལ་ཌེབ་སི་ཟེར་བའི་རྒྱལ་ཁབ་དེ་ནི་རྒྱ་གར་རྒྱ་མཚོའི་ནང་ཡོད་པའི་གླིང་ཕྲན་ཆུང་ཆུང་ཞིག་གི་ཐོག་ཆགས་ཡོད་པ་དང་། རྒྱལ་ཁབ་དེའི་ནང་མི་འབུམ་༥ ལྷག་ཙམ་ཡོད་འདུག་ལ། མི་འབོར་མང་ཆེ་བ་ནི་ཁ་ཆེའི་ཆོས་ལུགས་པ་ཡིན་འདུག ད་ཆར་རྒྱལ་ཁབ་དེའི་ནང་སྲིད་འཛིན་གྱི་འོས་བསྡུ་སླེབས་ལ་ཉེ་བ་དང་། རྒྱ་དཀར་ནག་གཉིས་ཀྱིས་རྒྱལ་ཁབ་དེའི་དཔལ་འབྱོར་དང་བདེ་སྲུང་སོགས་ཀྱི་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་རྐྱེན་གྱིས་ཐེངས་འདིའི་འོས་བསྡུ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག
ཕྱི་ཚེས་༢༧ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། མལ་ཌེབ་སི་རྒྱལ་ཁབ་དེ་ནི་རྒྱ་གར་རྒྱ་མཚོའི་ནང་ཡོད་པའི་གླིང་ཕྲན་ཆུང་ཆུང་ཞིག་གི་ཐོག་ཆགས་ཡོད་པ་དང་། རྒྱལ་ཁབ་ཆུང་ཆུང་དེའི་ནང་བྱུ་རུའི་ཐོན་ཁུངས་ཡོད་པའི་གླིང་ཕྲན་ཆུང་ཆུང་གཞན༡༢༠༠ ཡོད་འདུག་པས། རྒྱལ་ཁབ་དེའི་ནང་བྱུ་རུའི་ཐོན་ཁུངས་ཆེན་པོ་ཡོད་པ་ཡིན་འདུག རྒྱ་གར་ལ་ཆ་མཚོན་ན་རྒྱལ་ཁབ་ཆུང་ཆུང་དེ་རྒྱ་གར་གྱི་བདེ་སྲུང་ཐོག་ནས་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག རྒྱུ་མཚན་ནི་རྒྱ་ནག་གིས་རྒྱ་གར་གྱི་མཐའ་མཚམས་ཡོང་རྫོགས་སྐོར་ཡོང་གི་ཡོད་པ་དང་། དཔེར་ན། པ་ཀི་སི་ཐན་དང་བལ་ཡུལ། བྷང་ལ་དྷེ་ཤི། ཤི་རི་ལིང་ཀ་སོགས་ཀྱི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་སླེབ་ཀྱི་ཡོད་པར་བརྟེན། མལ་ཌེབ་སིའི་ནང་ཡང་སླེབ་ཐབས་བྱེད་བཞིན་ཡོད་པ་དང་། གནད་དོན་དེ་རྒྱ་གར་གྱི་བདེ་སྲུང་དང་འབྲེལ་བ་ཆགས་ཀྱི་ཡོད་པའི་རྐྱེན་གྱིས་ཐེངས་འདིའི་མལ་ཌེབ་སིའི་ནང་སྲིད་འཛིན་གྱི་འོས་བསྡུ་དེ་རྒྱ་གར་ལ་གལ་ཆེན་པོ་ཡིན་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་དཀར་ནག་གཉིས་ཀས་རང་རང་གི་ཤུགས་རྐྱེན་སླེབ་ཐབས་བྱེད་བཞིན་ཡོད་འདུག ད་ལྟའི་འོས་བསྡུ་དེའི་ནང་ལས་ཐོག་སྲིད་འཛིན་(Ibrahim Mohamed Solih)དང་ཕྱོགས་འགལ་ཚོགས་པའི་འོས་མི་(Mohamed Muizzu)གཉིས་ཡིན་འདུག་པ་དང་།

འོས་བསྡུ་དངོས་གཞི་ཚེས་༣༠ ཉིན་ཡིན་འདུག ཕྱི་ལོ་༢༠༡༨ ལོ་མལ་ཌེབ་སིའི་མི་མང་དམངས་གཙོ་ཚོགས་པའི་འགོ་ཁྲིད་(Ibrahim Mohamed Solih)ཟེར་བ་དེ་ཡིས་རྒྱ་གར་དང་ལྷན་དུ་དཔལ་འབྱོར་དང་རིག་གཞུང་གི་འབྲེལ་ལམ་ཡག་པོ་བཟོས་ཡོད་འདུག་པ་དང་། མཉམ་འབྲེལ་ཡར་ཐོན་ཚོགས་པ་ཟེར་བའི་སྲིད་དོན་ཚོགས་པའི་འགོ་ཁྲིད་(Mohamed Muizzu)་ཟེར་བ་དེ་ཡིས་རྒྱ་ནག་དང་ལྷན་དུ་ནུས་ཤུགས་ཐོན་ཁུངས་ཀྱི་འབྲེལ་བ་བཟོས་ནས་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་སླེབས་ཡོད་འདུག གང་ལྟར་རྒྱ་དཀར་ནག་གཉིས་ཀས་ཨ་སྒོར་ས་ཡ་མང་པོ་སྤྲད་ནས་མལ་ཌེབ་སིའི་རྒྱལ་ཁབ་ནང་རྒྱ་དཀར་ནག་རང་རང་གི་ཤུགས་རྐྱེན་རྒྱུན་གནས་ཐུབ་ཐབས་སུ་དཔལ་འབྱོར་གྱི་རོགས་རམ་རྒྱ་ཆེན་བྱེད་ཀྱི་ཡོད་འདུག ཟླ་བ་འདིའི་མགོར་སྔོན་འགྲོའི་འོས་བསྡུ་བྱས་ཡོད་འདུག་པ་དང་། སྐབས་དེ་དུས་(Ibrahim Mohamed Solih) ལ་འོས་བརྒྱ་ཆ་༣༩ ལས་རག་མེད་འདུག རྒྱུ་མཚན་གཅིག་ནི་མི་མང་ཁྲོད་ཁོང་གིས་རྒྱ་གར་དང་མཉམ་དུ་འབྲེལ་ལམ་བཞག་ནས་(India-first)ཟེེར་བའི་སྲིད་བྱུས་ཤིག་བཟོས་ཡོད་པ་དེ་ལ་མི་མང་མང་པོས་སྐྱོན་རྗོད་བྱེད་ཀྱི་ཡོད་འདུག་ལ། དེ་བཞིན་རྒྱ་གར་གཞུང་གིས་མལ་ཌེབ་སིའི་རྒྱལ་ཁབ་ལ་ཕྱི་ལོ་༢༠༡༠ དང་༢༠༡༣ ལོར་གནམ་གྲུ་ཆུང་ཆུང་གཉིས་སྤྲད་ཡོད་པའི་རྐྱེན་གྱིས་རྩོད་རྙོག་དང་(Ibrahim Mohamed Solih)ཟེར་བ་ཁོང་ལ་ཡང་སྐྱོན་བརྗོད་ཆེན་པོ་སླེབས་ཡོད་འདུག འོན་ཀྱང་ རྒྱ་གར་གཞུང་གིས་གནམ་གྲུ་དེ་གཉིས་ནི་རྒྱལ་ཁབ་ནང་ཛ་དྲག་འབྱུང་དུས་མྱུར་སྐྱོབ་ཆེད་དུ་སྤྲད་ཡོད་པར་བརྗོད་འདུག ཕྱི་ལོ་༢༠༢༡ ནང་མལ་ཌེབ་སིའི་བདེ་སྲུང་བློན་ཆེན་གྱིས་བརྗོད་དོན་ལ། མལ་ཌེབ་སིའི་ནང་རྒྱ་གར་གྱི་དམག་མི་༧༥ ཙམ་ཞིག་ཡོད་པ་དང་དེ་དག་ནི་ཛ་དྲག་སྐབས་རོགས་རམ་ཆེད་དང་རྒྱ་གར་གྱི་གནམ་གྲུ་དག་ནི་ལྟ་སྲུང་གི་ཆེད་དུ་ཡིན་ཚུལ་བརྗོད་པའི་རྐྱེན་གྱིས་ཕྱོགས་འགལ་ཚོགས་པས་སྐྱོན་རྗོད་ཆེན་པོ་བྱས་ཡོད་འདུག ཕྱོགས་འགལ་ཚོགས་པས་རྒྱ་གར་གྱི་དམག་མི་མལ་ཌེབ་སིའི་ནང་ཡོད་པ་ནི་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཉེན་ཁ་ཆེན་པོ་ཡིན་པར་བརྗོད་ནས་(India out)ཟེར་བའི་ལས་འགུལ་རྒྱ་ཆེན་སྤེལ་ཡོད་འདུག

(Abdulla Yameen)ཟེར་བ་ཞིག་གིས་ཕྱི་ལོ་༢༠༡༣ ནས་༢༠༡༨ བར་སྲིད་འཛིན་བྱས་ཡོད་པ་དང་། སྐབས་དེ་དུས་ཁོང་གི་སྲིད་གཞུང་ལ་རྒྱ་གར་དང་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དཔལ་འབྱོར་གྱི་རོགས་རམ་བྱས་མེད་པའི་རྐྱེན་གྱིས། ཁོང་གི་སྲིད་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་འཆར་དང་མཐུད་ཡོད་འདུག ད་ཆར་ཁོང་ལྐོག་ཟ་རུལ་སུངས་ཀྱིས་རྐྱེན་པའི་མི་ལོ་༡༡ རིང་བཙོན་ལ་ཚུད་ཡོད་འདུག རྒྱ་ནག་གིས་མལ་ཌེབ་སིའི་ནང་ལས་གཞི་ཆེ་ཤོས་ནི་མལ་ཌེབ་སིའི་ཉེ་འགྲམ་ལ་རྒྱལ་སྤྱིའི་གནམ་ཐང་ཞིག་ཡོད་པ་དང་། མལ་ཌེབ་སིའི་རྒྱལ་ས་ནས་གནམ་ཐང་དེ་གཉིས་ཀྱི་བར་སྤྱི་ལེ་༢་༡ ཡོད་པའི་ཟམ་ཆེན་ཞིག་བརྒྱབས་ཡོད་འདུག རྒྱ་གར་གཞུང་གིས་མལ་ཌེབ་སིའི་ནང་དཔལ་འབྱོར་རོགས་རམ་ཨ་སྒོར་ཐེར་འབུམ་༢ སྤྲད་ཡོད་ཀྱང་། ཕྱོགས་འགལ་ཚོགས་པའི་(India out)ཟེར་བའི་ལས་འགུལ་དེ་རྒྱ་ཆེན་ཁྱབ་པའི་རྐྱེན་གྱིས་ཤུགས་རྐྱེན་རྒྱུན་གནས་ཐུབ་རྒྱུ་ཁག་པོ་ཡིན་འདུག་ལ། ད་ཆར་མལ་ཌེབ་སིའི་རྒྱལ་ཁབ་ནང་གི་ལས་གཞི་མང་པོ་ཞིག་རྒྱ་གར་གྱི་བཟོ་གྲྭ་ཁག་དང་ཚོང་གཉེར་ཁག་གིས་རྩོམ་གྱི་ཡོད་འདུག
ཐེངས་འདིའི་འོས་བསྡུའི་ཁྲོད་འོས་མི་སུ་ལ་རྒྱལ་ཁ་ཐོབ་ནའང་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ཁྲོད་ནས་མལ་ཌེབ་སིའི་ནང་ཤུགས་རྐྱེན་རྒྱུན་གནས་ཐུབ་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
