མི་གནས་ཆུང་དང་ལྷ་གནས་ཆུང་།
སྤྱིའི་འདོན་ཐེངས་༡༠༨༢།
བོད་ཀྱི་ལོ་རྒྱུས་ནང་ཆོས་སྐྱོང་སྲུང་མ་གང་མང་ཞིག་ཡོད་པ་དང་། དེ་དག་ཀྱང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྲུང་མ་སྣ་ཚོགས་ཡོད་པའི་ལོ་རྒྱུས་ཀྱང་ཡོད། བོད་པའི་སྲོལ་རྒྱུན་གྱི་བསམ་བློའི་ནང་དུ་དད་པ་དམ་ཚིག་དང་གསོལ་མཆོད་འཕྲིན་བཅོལ་ལ་བརྟེན་ནས་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཁ་འཛིན་དང་སྡོང་གྲོགས་གནང་གི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཆོས་སྐྱོང་སྲུང་མ་མང་པོ་ཞིག་གི་བྱུང་རབས་ལོ་རྒྱུས་ཐོག་ནས་བསམ་བློ་བཏང་ན། རྒྱབ་ལྗོངས་གཙོ་བོ་ལྷ་སྒྲུང་འབའ་ཞིག་ཡིན་ནའང་། དེའི་ཚེ་དེའི་དུས་སུ་སྤྱི་ཚོགས་ཀྱི་བསམ་བློའི་གནས་སྟངས་དང་བསྟུན་ནས་བཤད་ན་འགྲེལ་བཤད་དེ་ལྟ་བུ་ཞིག་བརྒྱབ་པ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ཉག་གཅིག་ཏུ་གྱུར་ཡོད་ངེས་རེད། འོན་ཀྱང་དུས་རབས་ཉེར་གཅིག་པར་སྔོན་མ་དང་མི་འདྲ་བར་ཆོས་སྐྱོང་སྲུང་མ་ལ་ཡིད་ཆེས་བྱེད་མཁན་དང་། གཟུགས་མེད་ཀྱི་ལྷ་སྲུང་དག་གིས་སྡོང་གྲོགས་འཕྲིན་ལས་བསྒྲུབ་རྒྱུའི་ཡིད་ཆེས་བྱེད་མཁན་དཀོན་དུ་སོང་ཟིན། འོན་ཀྱང་སྲོལ་རྒྱུན་གྱི་ཆོ་ག་ཕྱག་བཞེས་ཙམ་རྒྱུད་འཛིན་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།
དེང་སྐབས་མི་མང་པོ་ཞིག་བདེ་བདེ་སྐྱིད་སྐྱིད་ཀྱི་སྐབས་སུ་ལྷ་ཆོས་སྐྱོང་ཙམ་ཕར་ཞོག ལས་རྒྱུ་འབྲས་ལའང་ཡིད་ཆེས་མི་བྱེད་པ་ལྟ་བུ་ཡོད་ཀྱང་། དཀའ་ངལ་དང་བར་ཆད་ཅིག་འཕྲད་ཡོང་དུས་སུ་ལྷ་ཆོས་སྐྱོང་གིས་སྡོང་གྲོགས་དང་འཕྲིན་ལས་གཡེལ་མེད་བསྒྲུབ་རྒྱུའི་རེ་བ་རྒྱག་མཁན་ནི་མང་པོ་ཡོད། དེ་ནི་བོད་པའི་ཁ་རྒྱུན་དུ་“ཐང་བདེ་དུས་ཨ་ལ་ལ་མོ་དང་། འགག་དོག་དུས་ཨོ་རྒྱན་པདྨ།”ཟེར་བ་ལ་བལྟས་ན་སྔོན་མ་ནས་དེ་ལྟར་ཡིན་ས་རེད། ལྷ་ཆོས་སྐྱོང་གི་གནས་སྟངས་དངོས་ལ་དེང་དུས་ཀྱི་མིས་ཐད་ཀར་བལྟས་ན་ཡིད་ཆེས་དཀའ་བའི་གནད་དོན་མང་པོ་ཡོད་ཀྱང་། སྲོལ་རྒྱུན་གྱི་བརྒྱུད་པའི་ཕྱག་བཞེས་མི་ཉམས་རྒྱུད་འཛིན་བྱས་ནས་མིའི་རྣམ་དཔྱོད་དང་ནུས་པས་མི་འདེང་བའི་སྐབས་སུ་གཟུགས་མེད་ཀྱི་ནུས་པ་ཞིག་ལ་རེ་བ་བཅོལ་ན་སེམས་འཚབ་ཆུང་དུ་གཏོང་བར་ཕན་ཐོགས་ཀྱང་ཡོད་ངེས་རེད། དེ་བཞིན་ས་ཆེན་པོ་ལ་གནས་པ་དག་གིས་གཟུགས་ཅན་དང་གཟུགས་མེད་མང་པོ་ཞིག་བྲན་དུ་བཀོལ་བཞིན་ཡོད་པའང་སྐྱེས་ཆེན་དམ་པ་མང་པོའི་རྣམ་ཐར་དུ་གསལ་བས་ཆོས་སྐྱོང་རྣམས་ཀྱིས་འཕྲིན་ལས་བསྒྲུབས་ཡོད་པའང་སྨྲོས་མེད་རེད།
གཙོ་བོ་ཆོས་བརྒྱུད་བྱེ་བྲག་པ་དང་། དགོན་སྡེ་བྱེ་བྲག་པ། ཁྱིམ་ཚང་བྱེ་བྲག་པ་བཅས་པར་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཆོས་སྐྱོང་བསྟེན་གསོལ་བྱེད་སྲོལ་ཡོད་ལ། རང་ཉིད་དང་འབྲེལ་བ་མེད་པའི་གཞན་གྱི་ཆོས་སྐྱོང་ལ་སྐུར་འདེབས་བྱེད་པ་དང་། རང་ཉིད་དང་འབྲེལ་བ་ཡོད་པའི་ཆོས་སྐྱོང་སྲུང་མ་ལ་གཞན་གྱིས་ཟུར་ཟ་ཅུང་ཙམ་བྱས་ནའང་ནད་མི་ཁྱོག་པའི་བྱེད་སྟངས་མང་པོ་ཞིག་ཡོད་པ་འདི་ནི། མིའི་རྒྱུད་ལ་རང་ཆས་སུ་ཡོད་པའམ་ཨ་འཐས་སུ་གྲུབ་པའི་ངར་འཛིན་ཁོ་ན་ཡིན་པ་ལས། ཆོས་ཅན་གཅིག་གི་ཐོག་ལ་ཡོངས་ཁྱབ་ཀྱིས་མཐུན་སྣང་དུ་གྲུབ་པ་ཞིག་གཏན་ནས་མེད་པར། ཆོས་སྐྱོང་སོ་སོའི་ངོ་བོ་དང་བྱེད་ལས། འབྱུང་ཁུངས་སོགས་ཀྱི་ཁྱད་པར་གཙོ་བོ་མ་ཡིན་པར་རང་ཉིད་དང་འབྲེལ་བ་ཡོད་མེད་ཀྱི་ཁྱད་པར་ལས་བྱུང་ཡོད། ད་ལྟའི་དུས་སུ་ཆོས་སྐྱོང་རེ་ཟུང་མིའི་རྟེན་དུ་བབས་པའི་ཚེ་ལྷ་སྲུང་དེ་དག་གི་ལུང་བསྟན་ནམ་གང་བཤད་པའི་སྐད་ཆ་རྣམས་རང་ཉིད་ཀྱི་ལྟ་ཚུལ་དང་མཐུན་མིན་གཙོ་བོར་འཛིན་པ་ལས། དངོས་ཡོད་གནས་ཚུལ་དང་མཐུན་མིན་བསམ་བློ་གཏོང་མཁན་ནི་དཀོན་དུ་སོང་ཡོད།
དཔེར་ན་ཕྱི་ལོ་༢༠༡༦ ཟླ་༤ ཚེས་༡ ཉིན་གནས་ཆུང་གྲྭ་ཚང་དུ་བཀའ་བློན་དང་སྤྱི་འཐུས་རྣམས་འཛོམས་ནས་ཆོས་སྐྱོང་སྤྱན་འདྲེན་སྐབས། བཀྲ་ཤིས་ཚེ་རིང་མས། སྤྱི་འཐུས་ཟླ་བ་ཚེ་རིང་གི་རྒྱབ་ནས་འཇུས་ཏེ། “སྡུག་ཚོད་ཟུངས་ཤིག དམ་སྲི་འབྱུང་པོ་འདི་ལ་མི་ག་ལ་ཞིག”ཅེས་བཀའ་བཀྱོན་ཕེབས་པ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གི་མཚན་རྟགས་འཁོད་པ་ཡིག་ཐོག་ཏུ་ཡོད་ཀྱང་། དེ་ལ་རིན་ཐང་རྩི་མཁན་དང་ལག་བསྟར་བྱེད་མཁན་དགའ་ལྡན་ཕོ་བྲང་གི་ལས་སྣེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ནང་ཧ་ལམ་བྱུང་མེད། དེའི་རྗེས་སུ་ཕྱི་ལོ་༢༠༢༣ ལོའི་ལོ་གསར་སྤྱན་འདྲེན་སྐབས་༧གོང་ས་མཆོག་དབུ་བཞུགས་ཐོག་གཉན་ཆེན་ཐང་ལྷའི་སྐུ་རྟེན་ལ་རྨ་རྒྱལ་སྦོམ་ར་བབས་ནས་སྲིད་སྐྱོང་དང་། ཁྲིམས་ཞིབ་པ་བཅས་ལ་བཀའ་བཀྱོན་དང་ཕྱག་འབེབས་དངོས་སུ་མཛད་པའི་ལོ་རྒྱུས་ཡོད་ཀྱང་། གྲོས་ཚོགས་ནང་རེ་ཟུང་གིས་དྲི་བ་དྲིས་པ་ཙམ་ལས་དོན་དམ་པར་དོ་སྣང་དང་རིན་ཐང་སྤྲོད་མཁན་ཞིག་མཐོ་རིམ་དཔོན་རིགས་ཀྱི་ནང་དུ་བྱུང་མེད། ཉེ་ཆར་འབྲས་སྤུངས་སུ་གནས་ཆུང་སྤྱན་འདྲེན་སྐབས་ཀྱི་བཀའ་ལུང་ཡིག་ཐོག་ཏུ་བྲིས་པ་དེའི་ཚིག་དོན་རེ་ཟུང་ལ་ཧ་ལས་ལས་བྱེད་མཁན་ཡོད་པ་ནི་གནས་སྐབས་ཀྱི་འོས་བསྡུའི་དགོས་མཁོ་ཙམ་ཞིག་རེད།
མདོར་ན་ལྷ་མི་ལ་ཞུགས་ནས་ལྐོག་གྱུར་གྱི་གནས་ཚུལ་རྣམས་ལུང་བསྟན་གནང་དགོས་པ་ཞིག་ཡིན་ཡང་། སྐབས་རེ་མི་ལྷ་ལ་ཞུགས་ཀྱི་ཡོད་པའི་རྣམ་པ་དེ་ཡང་ད་ལྟའི་དུས་སུ་མངོན་གསལ་དོད་པོ་ལྟ་བུར་གྱུར་འདུག དཔེར་ན་ཉེ་ཆར་མི་གནས་ཆུང་རྡོ་རྗེས་ལྷ་གནས་ཆུང་གི་ལུང་བསྟན་འགྲེལ་བརྗོད་བྱེད་སྟངས་ལ་བལྟས་ན། ལྷ་ཡིས་བཀའ་མ་གནང་ཡང་ལྷ་ཡི་ཐུགས་ལ་གང་དྲན་པ་ཚང་མ་ཁོ་རང་གིས་ཤེས་ཀྱི་ཡོད་བཟོ་འདུག་པས། སྐབས་རེར་ལྷའི་ཁོག་ལ་མི་ཞུགས་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག གཞན་ཡང་སྐུ་རྟེན་རྣམས་དང་དེ་དག་གི་འབྲེལ་ཡོད་རྣམས་ཀྱི་བསམ་ཚུལ་དང་མཐུན་པ་ཞིག་ཆོས་སྐྱོང་རྣམས་ཀྱིས་ལུང་བསྟན་གནང་གི་ཡོད་བཟོ་ལྟ་བུའང་མཐོང་རྒྱུ་འདུག་པས། མ་འོངས་པར་ལྷ་ལྷའི་ས་ནས་བཞག མི་མིའི་ས་ནས་བསྡད་ན་འཁྲུག་རྩོད་ཡོང་དོན་མེད་ལ། མང་གཙོའི་ལམ་ལུགས་ཀྱི་འོས་བསྡུའི་དྲིལ་བསྒྲགས་སོགས་ཆབ་སྲིད་ཀྱི་རྩོད་རྙོག་ནང་ལྷ་དང་ཆོས་སྐྱོང་གི་རྣམ་པའི་ཐོག་ནས་མཉམ་ཞུགས་ཀྱིས་ཕྱོགས་རིས་འཐེན་འཁྱེར་བྱེད་པ་ནི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་ཞན་ཆ་གཙོ་བོ་ཞིག་ཏུ་གྱུར་འདུག།
