མི་མང་ཁྲི་བདུན་ལྷག་གིས་ཅེ་ཁི་གཞུང་ལ་ངོ་རྒོལ་བྱས་འདུག
ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕ་རལ་རྒི་ལ་མི་མང་ཁྲི་བདུན་ལྷག་འཛོམས་ནས་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༣ ཉིན་ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕ་རལ་རྒི་ལ་མི་མང་ཁྲི་བདུན་ལྷག་འདུ་འཛོམས་ཀྱིས་གཞུང་གི་ཕྱི་འབྲེལ་དང་དཔལ་འབྱོར་སྲིད་བྱུས་ཀྱི་ཐོག་ལ་ངོ་རྒོལ་བྱས་ཡོད་འདུག
ངོ་རྒོལ་བ་ཁག་གཅིག་གིས་ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ནི་དམག་དོན་གྱི་ཐོག་ནས་བར་ཞུགས་བྱེད་དགོས་པ་དང་ཨུ་རུ་སུ་གཙོས་པའི་སོལ་རླངས་མཁོ་སྤྲོད་བྱེད་མཁན་དག་དང་ཚོང་གི་གན་རྒྱ་བཞག་ནས་ཚོང་འབྲེལ་གསར་དུ་འགོ་འཛུགས་བྱེད་དགོས་རབས་བརྗོད་ཡོད་པ་དང་། ལྷག་པར་དུ་ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཉེས་ཆད་བཅག་པ་དེར་སྐྱོན་བརྗོད་ཀྱང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཐེངས་འདིའི་ངོ་རྒོལ་གྱི་ཁྲོད་དུ་དམར་ཤོག་ཚོགས་པའི་ཚོགས་མི་དང་ཐད་སྤྱོད་མང་གཙོ་ཚོགས་པའི་ཚོགས་མི་སོགས་ཚོགས་པ་མང་པོའི་ཚོགས་མི་ཡོད་འདུག་པས། ཁོང་ཚོས་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ནི་ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་བྱུང་ནས་བཟུང་།ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡུག་རེན་གྱི་སྐྱབས་བཅོལ་བ་འབུམ་བཞི་དང་སྟོང་ཕྲག་བཅུ་གསུམ་ལྷག་ལ་སྡོད་གནས་སྦྱིན་ཡོད་པས། དེ་ལ་ཡང་མི་འདོད་པའི་རྣམ་འགྱུར་སྟོན་ཆེད་དུ་ཡང་ངོ་རྒོལ་བྱས་ཡོད་རབས་བརྗོད་འདུག
ཅེ་ཁི་ཡི་སྲིད་བློན་ཧྥེ་ལ་(fiala) ཡིས་མི་ཚང་མ་ལ་ངོ་རྒོལ་བྱས་པའི་ཐོབ་ཐང་ཡོད་ན་ཡང་། ངོ་རྒོལ་བ་ཚོས་ཨུ་རུ་སུའི་མཐུན་ཕྱོགས་ཀྱི་བསམ་ཚུལ་རྣམས་ཕྱི་ལ་བསྒྲགས་པ་ལས། ཁོང་ཚོའི་སེམས་ལ་ཅེ་ཁི་དང་ཅེ་ཁི་མི་མང་གི་ཁེ་ཕན་མེད་རབས་བརྗོད་འདུག་
ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་ཡོད་པ་མ་ཟད་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་ཡང་ཡིན་པས། ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཆད་པ་གཅོད་མཁན་དང་ཡུག་རེན་ལ་གོ་མཚོན་སོགས་ཀྱི་རྒྱབ་སྐྱོར་བྱེད་མཁན་ཆེ་ཤོས་ཀྱི་གྲས་ཤིག་ཀྱང་ཡིན་འདུག
ཡུ་རོབ་ཁུལ་དུ་ནུས་ཤུགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན་ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ཀྱིས་བདུན་ཕྲག་རྗེས་མའི་ནང་དུ་ཡུ་རོབ་ཀྱི་རྒྱལ་ཁབ་ཚོ་མཉམ་རོབ་ཀྱིས་ནུས་ཤུགས་ཀྱི་་དཀའ་རྙོག་ཇི་ལྟར་བསལ་དགོས་པའི་ཐོག་ལ་ཛ་དྲག་གི་ཚོགས་འདུ་ཞིག་སྐོང་རྒྱུ་རེད་འདུག
ད་ལྟའི་ཆར་རྒྱལ་ཁབ་མང་པོའི་ནང་དུ་ཡུལ་ཐང་འཕར་པའི་དཀའ་ངལ་འཕྲད་བཞིན་པ་ལྟར། ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་ཡང་ཕྱི་ལོ་༡༩༩༣ ནས་བཟུང་ད་བར་ཡུལ་ཐང་འཕར་ཚད་མཐོ་ཤོས་སུ་བསླེབས་ཡོད་པ་དང་། མ་འོངས་ཟླ་བ་ཁ་ཤས་ཀྱི་ནང་དུ་ཅེ་ཁི་ཡི་ཡུལ་ཐང་འཕར་ཚད་བརྒྱ་ཆ་༢༠% སོན་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
