མི་མང་སྐྱོ་པོ་ལ་སྦྱིན་གཏོང་།
ཟླ་འདིའི་ཚེས་༢ ཉིན་དྷ་སའི་ཉེ་འགྲམ་དུ་ཡོད་པའི་སྙིང་སྟོབས་གླིང་བོད་ཕྲུག་དབང་པོ་སྐྱོན་ཅན་སྦྱོང་བརྡར་ཁང་གི་འགན་འཛིན་ངག་དབང་ལྷ་མོས། སྙིང་སྟོབས་གླིང་བཙུགས་ནས་ལོ་༡༥ འཁོར་བའི་དུས་དྲན་དང་སྦྲགས། ཉེ་འཁོར་གྱི་རྒྱ་གར་ཡུལ་མི་རྣམས་ལ་ཉལ་ཆས་ཀམ་པ་ལི་སྦྱིན་གཏོང་གི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་རོ་ཊེར་ཁེ་ལོབ་ཀྱི་ཚོགས་མི་ཝི་ཨེསི་པཱར་མར་དང། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཐར་པ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བཅས་ཕེབས་འདུག གཞན་ཡང་རྒྱ་གར་སི་དྷི་བྷ་རིའི་ས་གནས་ཀྱི་དཔོན་རིགས་དང་ཡུལ་མི་ཁག་གཅིག གཏོང་ལེན་ཚོགས་པའི་སློབ་ཕྲུག་ཁག་ཅིག་དང་སྐུ་ཚབ། དེ་བཞིན་སྙིང་སྟོབས་གླིང་གི་སློབ་མ་དང་ལས་མི་སོགས་མཉམ་ཞུགས་བྱས་འདུག
མཛད་སྒོའི་ཐོག་སྙིང་སྟོབས་གླིང་གི་འགན་འཛིན་ངག་དབང་ལྷ་མོས་སྦྱིན་གཏོང་དེ་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་སྐབས། ༧གོང་ས་མཆོག་གིས་དེ་སྔོན་ནས་བཟུང་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་མི་དང་འཆམ་མཐུན་གནང་དགོས་སྐོར་མང་པོ་གསུང་གི་ཡོད་སྟབས། ང་ཚོ་སྙིང་སྟོབས་གླིང་གི་གཡས་གཡོན་དུ་ཡོད་པའི་ཡུལ་མི་སྐྱོ་བོ་རྣམས་ལ་ཉལ་ཆས་དང་། དེ་བཞིན་གཏོང་ལེན་ཚོགས་པའི་སློབ་ཕྲུག་རྣམ་ལ་ཀམ་པ་ལི་དང་གྱོན་ཆས་སོགས་སྤྲོད་བཞིན་ཡོད། ད་ལོ་ཙམ་མིན་པར་ལོ་རྟག་པར་སྤྲང་འགྱེད་བྱེད་བཞིན་ཡོད་སྐོར་གསུངས་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་རོ་ཊར་ཚོགས་པའི་ཚོགས་མི་ཝི་ཨེསི་པཱར་མར་མཆོག་གི་གསུང་དོན། ངག་དབང་ལྷ་མོ་དང་ཐོག་ནས་ཤེས་ཀྱི་ཡོད། ཁོ་མོས་ལས་དོན་གྲུབ་འབྲས་དང་ལྡན་པ་གནང་ཡོད་རེད། བོད་པའི་སྤྱི་ཚོགས་ནང་གཟེང་སུ་ཐོན་པའི་ལས་ཀ་བྱས་ཡོད་རེད་ལ། རྒྱ་གར་གྱི་ས་གནས་སྤྱི་ཚོགས་ལའང་ཕན་ཆེན་པོ་ཐོགས་ཡོད་རེད་བསམ་བཞིན་ཡོད་ཅེས་དང་། དེ་སྔོན་སྙིང་སྟོབས་གླིང་གསར་འཛུགས་སྐབས་རོ་ཊར་ཁི་ལོབ་ཀྱིས་རོགས་པ་གནང་ཡོད་པ་རེད་ལ། མ་འོངས་པར་གང་ཐུབ་བྱེད་འདོད་ཡོད་སྐོར་གསུངས་སོང་། དེ་རྗེས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལགས་ཀྱིས། ངས་དེ་རིང་མ་གཏོགས་སྙིང་སྟོབས་གླིང་ཞེས་པ་ཞིག་ཡོད་པ་ཤེས་མ་སོང་། དེ་རིང་འདིར་སླེབས་ནས་དབང་པོ་སྐྱོན་ཅན་གཅེས་སྐྱོང་གནང་སའི་འདི་འདྲ་ཡག་པོ་མཐོང་བྱུང་བས་དགའ་པོ་བྱུང་ལ། མུ་མཐུད་ལས་དོན་འདིའི་ཆེད་ཧུར་ཐག་གནང་རོགས་གྱིས་ཞེས་གསུང་སོང་། དེ་བཞིན་དྷ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཐར་པས་གསུང་དོན། ངག་དབང་ལྷ་མོ་ལགས་ཀྱིས་མགོ་ཁྲིད་ནས་མི་ཁ་ཤས་ཞིག་གིས་མི་དབང་པོ་སྐྱོན་ཅན་དང་རིག་འཚོ་མ་ཟིན་པ་ལྔ་ཅུ་ལྷག་གི་ཟས་གོས་གནས་མལ་ཆ་ཚང་ཧྲ་ཐག་ཐག་བཟོ་ཐུབ་པ་ཡག་པོ་རེད། དེ་ཡང་ཁོང་གཅིག་པུ་མ་ཡིན་པར་འདིར་ལས་ཀ་བྱེད་མཁན་ཡོངས་ལ་བསྔགས་བརྗོད་ཡོད་ཅེས་གསུངས་སོང་། མཇུག་ཏུ་དབང་པོ་སྐྱོན་ཅན་སློབ་ཕྲུག་རྣམས་ནས་འཁྲབ་སྟོན་ཁག་གཅིག་གཟིགས་འབུལ་ཞུས་སོང་། སྙིང་སྟོབས་གླིང་གསར་འཛུགས་བྱས་ནས་ལོ་༡༥ ཙམ་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་བོད་ཕྲུག་དབང་པོ་སྐྱོན་ཅན་གྲངས་༥༠ ཙམ་ཡོད་པ་རེད་འདུག།།
