མི་འབུམ་ལྔ་གཟིགས་སྐོར་ཡོང་སའི་དཔེ་དེབ་འགྲེེམས་སྟོན་ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་དེབ་རྣམས་འགྲེམས་སྟོན་ཞུས་འདུག
ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣༡ ནས་ཕྱི་ཟླ་ ༢ ཚེས་ ༥ བར་སྐབས་༣༡ པའི་ཐའེ་པེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་དེ་ཉིད་ཐའེ་ཝན་རྒྱལ་ས་ཐའེ་པེ་གྲོང་ཁྱེར་དུ་ཚོགས་ཡོད་ཅིང་། གོ་སྐབས་དེ་དང་བསྟུན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པའི་དེབ་རྣམས་ཀྱང་འགྲེམས་སྟོན་ཞུས་ཡོད་པ་དང་། ཟླ་འདིའི་ཚེས་ ༥ ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༣ བར་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་བོད་ཀྱི་ས་ཁམས་ཁོར་ཡུག་དང་སྤྱི་ཚོགས་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ས་ཁམས་ཆགས་ཚུལ། ཆོས་དང་རིག་གཞུང་། ལུགས་སྲོལ་གོམས་གཤིས། ད་ལྟའི་གནས་སྟངས་སོགས་སྐོར་ངོ་སྤྲོད་འགྲེལ་བརྗོད་ཀྱི་གསུང་བཤད་གནང་ཡོད་པ་དང་། གནས་ཡུལ་མང་ཚོགས་དོན་གཉེར་ཅན་དང་དམིགས་བསལ་གཞོན་སྐྱེས་མང་དག་ཅིག་གིས་དོ་དབྱིངས་ཆེན་པོའི་ཐོག་གསན་གཟིགས་དང་འབྲེལ་དྲི་བ་དྲིས་ལན་བཅས་ཞུས་ཏེ་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་ཚད་དང་ལྡན་པ་ཞིག་བྱུང་ཡོད་པ་མ་ཟད། ཕྱི་ཚེས་ ༣ ཉིན་ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཀྱང་བོད་དོན་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད་འདུག
ཕྱི་ལོ་ ༢༠༢༣ ལོའི་ཐའེ་པེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་དུ་རྒྱལ་ཁབ་ཁག་ ༣༣ ནས་དཔེ་སྐྲུན་ཁང་ ༤༧༠ ཙམ་མཉམ་ཞུགས་གནང་ཡོད་པ་དང་། རྩོམ་པ་པོ་དང་མཁས་དབང་ ༧༠༠ ལྷག་གིས་གསུང་བཤད་ཐེངས་༨༠༠ ལྷག་གནང་ཡོད་པ་མ་ཟད། ཉིན་དྲུག་རིང་གི་དཔེ་དེབ་འགྲེམས་སྟོན་ཐོག་མི་གྲངས་ལྔ་འབུམ་ལྷག་གཟིགས་སྐོར་དུ་ཕེབས་ཡོད་འདུག་ལ། ཕྱི་ལོ་༢༠༢༢ ལོར་དཔེ་དེབ་འགྲེམས་སྟོན་ལ་ཡོང་མཁན་ལས་མི་གྲངས་ལྡབ་གཉིས་ལྷག་མང་བ་ཆགས་པ་ཡོད་པ་དང་། དཔེ་དེབ་འགྲེམས་ཚོང་ན་ནིང་ལས་ལྡབ་དགུ་ལྷག་གྱུར་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
