མི་འབོར་ཉམས་ཆག་གི་སེམས་ཁྲལ་ཁྲོད། རྒྱ་ནག་གིས་བཟའ་ཚང་གཅིག་ལ་བྱིས་པ་གསུམ་སྐྱེ་ཆོག་པ་བཟོས་འདུག
ཉེ་ཆར་བཏོན་པའི་སྙན་ཐོ་དག་ཏུ་འཛམ་གླིང་གི་མི་འབོར་ཆེ་ཤོས་སུ་གྱུར་བའི་རྒྱ་ནག་གི་མི་འབོར་འཕེལ་ཚད་ལ་བསམ་ཡུལ་ལས་འདས་པའི་ཉམས་རྒུད་འགྲོ་འབྱུང་བཞིན་པ་གསལ་བས། རྒྱ་ནག་གིས་དེ་རིང་རེས་གཟའ་ཟླ་བའི་ཉིན་གཉེན་སྒྲིག་བྱས་པའིའི་བཟའ་ཚང་གཅིག་ལ་བྱིས་པ་གསུམ་སྐྱེ་ཆོག་པ་བཟོས་ཡོད་འདུག
ཕྱི་ལོ་༢༠༡༥ལོར་པེ་ཅིང་སྲིད་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོར་ལག་བསྟར་བྱས་པའི་བཟའ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་དེ་སྒྱུར་བཅོས་བཏང་སྟེ།ཕྲུ་གུ་གཉིས་སྐྱེ་བའི་ཆོག་མཆན་སྟེར་ཡོད།འོན་ཀྱང་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་བྱིས་པ་གསོ་སྐྱོང་བྱེད་པའི་འགྲོ་གྲོན་ཆེ་དྲགས་་པར་བརྟེན་ནས་བསྒྱུར་བཅོས་དེས་ཀྱང་སྐྱེ་འ
ཕེལ་གྱི་ཚད་གཞི་མར་ལྷུང་བཞིན་པ་དེ་བཀག་འགོག་ཐུབ་ཀྱི་ཡོད་མི་འདུག
རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ནས་“སྐྱེ་འཕེལ་སྲིད་བྱུས་སྔར་བས་ཇེ་ལེགས་ཇེ་བཟང་དུ་གཏོང་ཆེད།རྒྱ་ནག་གིས་གཉེན་སྒྲིག་བྱས་པའི་བཟའ་ཚང་གཅིག་ལ་བྱིས་པ་གསུམ་སྐྱེ་ཆོག་པའི་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཡིན་”ཞེས་བསྒྲགས་པའི་ཐོགའགྱུར་བ་དེ་དང་ལྷན་དུ་མཐུན་རྐྱེན་མང་པོ་ཞིག་ཀྱང་སྦྱོར་རྒྱུ་ཡིན་ཚུལ་བརྗོད་འདུག
སྤྱི་ཚོགས་ཚན་རིག་པ་ཡེ་ཧྥི་ལི་(Yifei Li)ཡིས་རོའོ་ཊར་གསར་ཁང་དུ་རྒྱ་ནག་གི་བཟའ་ཚང་ལ་བྱིས་པ་མི་སྐྱེ་བའི་རྒྱུ་མཚན་འགྲེལ་བརྗོད་བྱས་པའི་ནང་།ཁོང་གིས་“མི་རྣམས་ཀྱིས་བྱིས་པ་མི་སྐྱེ་བའི་རྒྱུ་མཚན་དེ་བྱིས་པ་གཉིས་ལས་སྐྱེ་མི་ཆོག་པའི་ཚད་བཀག་ལ་ཐུག་མེད་པར་ད་ལྟའི་རྒྱ་ནག་ཏུ་བྱིས་པ་གསོ་སྐྱོང་བྱེད་པའི་འགྲོ་སོང་ཧ་ལས་པའི་ཆེན་བ་དེར་ཐུག་ཡོད།ཁང་པ་དང་ཁ་ཟས།བྱེད་སྒོ་སྣ་ཚོགས།འགྲུལ་བཞུད་ལ་སོགས་པའི་འགྲོ་གྲོན་མང་པོ་ཡོད་”ཅེས་བཤད་འདུག
ཟླ་འདིའི་འགོ་སྟོད་དུ་བཏོན་པའི་ལོ་འཁོར་བཅུ་རེའི་གཞུང་འབྲེལ་་མི་འབོར་སྙན་ཐོའི་ནང་།རྒྱ་ནག་གི་འདས་པའི་ལོ་ངོ་བཅུའི་མི་འབོར་འཕེལ་ཚད་དེ་དམར་ཤོག་སྲིད་གཞུང་བཙུགས་པ་ནས་བཟུང་ཆེས་དམའ་ཤོས་སུ་གྱུར་པ་གསལ་ཡོད་པ་མ་ཟད།རྒྱ་ནག་གི་ལས་ཀའི་ནུས་པ་ལྡན་པའི་མི་འབོར་(ལོ་ན་༡༥ནས་༥༩བར་གྱི་མི་ཡིན།)དེ་༢༠༡༡ལོར་ས་ཡ་༩༢༥ཟིན་ནས་རྩེ་མོར་སོན་རྗེས།ད་ལྟ་མགྱོགས་མྱུར་ངང་ཉམས་རྒུད་དུ་འགྲོ་བཞིན་ཡོད་འདུག་སྟེ།གཞུང་འབྲེལ་གྲངས་ཐོ་གསར་པ་དེའི་ནང་།ད་ལྟ་རྒྱ་ནག་གི་ལས་ཀའི་ནུས་པ་ལྡན་པའི་མི་འབོར་དེ་སྔར་གྱི་བཞི་ཆ་གསུམ་དུ་མར་ལྷུངས་ཡོད་འདུག
ཕྱི་ལོ་༢༠༢༠ལོའི་ལོ་སྨད་དུ་ཝ་ཤིན་ཏྲོན་གསོ་རིག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སི་ཋན-ཨེ་མིལ་(Stein Emil Vollset) དང་།ཉམས་ཞིབ་པ་གཞན་༢༣གྱིས་མཉམ་དུ་བརྩམས་ཤིང་ལཱན་ས་ཏྲི་གསོ་རིག་དུས་དེབ་(The lancet)ནང་བཏོན་པའི་སྙན་ཐོ་ཞིག་གི་ནང་དུ་འཁོད་གསལ་ལྟར་ན།རྒྱ་ནག་གི་མི་འབོར་དེ་ཕྱི་ལོ་༢༠༡༧ལོར་ཐེར་འབུམ་༡.༤ཡོད་པ་ལས་ཕྱི་ལོ་༢༡༠༠ལོར་ས་ཡ་༧༣༢ལ་མར་འཆག་རྒྱུ་ཡིན་འདུག་ཅིང་།དེ་ནི་རྒྱ་ནག་གི་མི་འབོར་གྱི་བརྒྱ་༤༨མར་ཆག་པ་ཡིན་འདུག
གསར་འགོད་པ་དཀོན་མཆོག་རབ་བརྟན།
