མི་རིཌ་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཐུན་ལྔ་པའི་ཐོག་བོད་ཀྱི་སྐུ་ཚབ་ནས་བསྒྲགས་གཏམ་སྤེལ་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་སུད་སི་སྐུ་ཚབ་དོན་གཅོད་དང་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཟུང་སྦྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཐུན་ ༨༥ ཐོག་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་འདུག
དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་བཅས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཐུན་ ༨༥ ཐོག་མཉམ་ཞུགས་ཀྱིས་རྒྱལ་ཚོགས་ཀྱི་འབྲེལ་ཡོད་མི་སྣར་མཇལ་འཕྲད་གནང་བ་དང་བསྟུན་ནས་བོད་ནང་ཀྱི་བུད་མེད་ཀྱི་གནས་སྟངས་སྐོར་ལ་ངོ་སྤྲོད་དང་། རྒྱལ་ཚོགས་ཀྱི་ཚོགས་ཐུན་སྐབས་རྒྱ་ནག་གཞུང་གི་བོད་ནང་ལ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་བརྟེན་ནས་བོད་ནང་གི་བུད་མེད་རྣམས་ལ་དོ་ཕོག་འགྲོ་ཉེན་ཡོད་སྐོར་དང་། དེ་བཞིན་རྒྱ་གཞུང་གིས་མི་སེལ་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་དུ་བུད་མེད་ལ་སྣང་ཆུང་དང་། ཁྱད་གསོད། བཙན་གཡེམ་སོགས་གཏོང་བཞིན་ཡོད་སྐོར་དང་། གཞན་ཡང་བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ནག་ཅན་དུ་བསྒྱུར་བཞིན་ཡོད་པ་མ་ཟད། ༧པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ཡུམ་གཙོས་པའི་སྐུ་འཁོར་ནང་མི་གར་སོང་ཆ་མེད་ཕྱིན་ཡོད་པ་དང་། ཡ་ཆེན་སྒར་ནས་བཙུན་མ་རྣམས་བཙན་གྱིས་ཕྱིར་ཕུད་གཏོང་བཞིན་ཡོད་པ་མ་ཟད། དེ་བཞིན་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ཀྱི་བུད་མེད་འཚུད་པའི་བོད་མི་གྲངས་ ༡༥༧ ལྷག་གིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་བཏང་ཡོད་སྐོར་སྙན་སེང་ཞུས་པ་དང་འབྲེལ་ནས་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ནས་བོད་ཀྱི་བུད་མེད་འཚུད་པའི་བོད་མི་རྣམས་ལ་དྲག་གནོན་དབྱེ་འབྱེད་འཚམས་འཇོག་དང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་ཐོབ་ཐང་སྤྲོད་རྒྱུའི་ཐད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
གསར་འགོད་པ་ཆོས་གྲགས།