མི་ལོ་༢༡ གི་རྗེས་སུ་ཨོ་ས་མ་བྷིང་ལ་དྷེན་གྱིས་ཨ་རི་ལ་བཏང་བའི་ཡི་གེ་ཡང་བསྐྱར་རྒྱ་ཁྱབ་ཏུ་སྤེལ་བཞིན་པ།
ཟླ་འདིའི་ཚེས་༡༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧ་མ་སི་དང་ཨི་སི་རིལ་བར་དམག་འཁྲུག་རྒྱག་བཞིན་པའི་དུས་དེར། ཁ་ཆེའི་དྲག་སྤྱོད་ཚོགས་པའི་འགོ་ཁྲིད་འདས་པོ་ཞིག་གིས་ཨ་རི་ལ་བསྐུར་བའི་ཡི་གེ་ཟེར་བར་དོ་སྣང་གསར་པ་ཞིག་བསླེབས་ནས་ཨ་རིའི་ནང་སྤྱི་ཚོགས་དྲྭ་རྒྱའི་ཐོག་རྒྱ་ཁྱབ་ཏུ་སྤེལ་བཞིན་པ་དང་། གཞོན་སྐྱེས་མང་པོས་འདས་པོ་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་ཨ་རིའི་ཕོ་བྲང་དཀར་པོས་དེ་ལ་སྐྱོན་བརྗོད་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

ཡི་གེ་དེ་ཐོག་མར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་ནས་ད་བར་མི་ལོ་༢༡ ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་ཧ་མ་སི་དང་ཨི་སི་རིལ་བར་དམག་འཁྲུག་རྒྱག་བཞིན་པའི་དུས་དེར། ཡི་གེ་དེ་སླར་ཡང་སྤྱི་ཚོགས་དྲྭ་རྒྱའི་ཐོག་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་འདུག ཁ་ཆེ་དྲག་སྤྱོད་ཚོགས་པའི་འགོ་ཁྲིད་ཨོ་ས་མ་བྷིང་ལ་དྷེན་(Osama Bin Laden) གྱིས་ཨ་རི་ལ་བསྐུར་བའི་ཡི་གེ་ཟེར་བའི་ནང་། ཁོ་རང་གིས་ཨ་རིའི་ནིའུ་ཡོག་གི་འཛམ་གླིང་ཚོང་དོན་ལྟེ་གནས་ལ་གཏོར་རྒོལ་བྱས་པའི་རྒྱུ་མཚན་གལ་ཆེན་ཞིག་ནི། ཨ་རིས་ཨི་སི་རིལ་ལ་རྒྱབ་སྐྱོར་བྱས་ནས་པ་ལི་སི་ཐན་གྱི་ས་ཆ་ལ་དབང་སྒྱུར་བྱས་པ་དང་། ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ལ་སྐྱོན་བརྗོད་སོགས་བྱས་ཡོད་ཚུལ་བཀོད་འདུག
ཡི་གེ་དེ་ཁོས་ཕྱི་ལོ་༢༠༠༢ ལོར་བྲིས་ནས་ད་བར་ལོ་ངོ་༢༡ ཕྱིན་ཡོད་ན་ཡང་། ཉེ་ཆར་ཧ་མ་སི་དང་པ་ལི་སི་ཐན་གྱི་རྒྱབ་སྐྱོར་བ་ཚོས་སྤྱི་ཚོགས་དྲྭ་རྒྱ་ཀྲི་ཀྲོ་(TikTok) ་ཞེས་པའི་ཐོག་ལ་སྤེལ་ནས་ད་བར་མི་གྲངས་ས་ཡ་༡༤ ཙམ་གྱིས་ལྟ་ཀློག་བྱས་ཡོད་འདུག
གནས་ཚུལ་དེ་དང་འབྲེལ་བའི་གཞོན་སྐྱེས་མང་པོས་ཨོ་ས་མ་བྷིང་ལ་དྷེན་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་པ་སོགས་ལ་བརྟེན། ཨ་རིའི་གྲོས་ཚོགས་འཐུས་མི་མང་པོས་སྤྱི་ཚོགས་དྲྭ་རྒྱ་ཀྲི་ཀྲོ་བཀག་སྡོམ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད་ཕོ་བྲང་དཀར་པོས་ཀྱང་སྐྱོན་བརྗོད་བྱས་ཡོད་འདུག གཞན་ཡང་དབྱིན་ཇིའི་(The Guardian) ཞེས་པའི་གསར་ཁང་གིས་ཀྱང་ཕྱི་ལོ་༢༠༠༢ ལོར་བཏོན་པའི་ཨོ་ས་མ་བྷིང་ལ་དྷེན་གྱི་ཡི་གེ་དེ་ཟླ་འདིའི་ཚེས་༡༥ ཉིན་བསུབས་ནས་མེད་པ་བཟོས་ཡོད་འདུག
ཁ་ཆེའི་དྲག་སྤྱོད་པའི་འགོ་ཁྲིད་ཨོ་ས་མ་བྷིང་ལ་དྷེན་ནི་འཛམ་གླིང་ཐོག་དྲག་སྤྱོད་པ་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་དང་། ཕྱི་ལོ་༢༠༠༡ ལོར་ཁོང་གིས་ཨ་རིའི་ནིའུ་ཡོག་ལ་ཡོད་པའི་འཛམ་གླིང་ཚོང་དོན་ལྟེ་གནས་ལ་གཏོར་རྒོལ་བྱས་ནས་དུས་གཅིག་ལ་མི་གྲངས་༣༠༠༠ ཙམ་རྐྱེན་ལམ་དུ་བཏང་ཡོད། ཕྱི་ལོ་༢༠༡༡ ལོར་ཨ་རིའི་དམག་དཔུང་གིས་པ་ཀི་སི་ཐན་ལ་ཡོད་པའི་ཨོ་ས་མ་གབ་སའི་ཁང་པའི་ནང་དུ་བསད་ཡོད་འདུག།
གསར་འགོད་པ་བློ་བཟང་རྒྱ་མཚོ།
