ཡུ་གུར་བའི་སློབ་དཔོན་ཆེན་མོ་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གཟེངས་རྟགས་ཐོབ་པ།

ཟླ་འདིའི་ཚེས་༡༡ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་མང་པོའི་སྡེ་ཚན་ཞིག་གིས། རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་ཡུ་གུར་གྱི་སློབ་དཔོན་སྐུ་ཞབས་ཨེལ་ཧམ་ཊོ་ཧེ་ཊི་( Ilham Tohti)ལ་ཕྱི་ལོ་༢༠༡༦ ལོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་མར་ཊིན་ཨིན་ནལ་སེག་གཟེངས་རྟགས་(The Martin Ennals Award) སྤྲད་ཡོད་འདུག

14696822_1280644145292785_336320144_nཁོང་ནི་དེ་སྔོན་པེ་ཅིན་མི་རིགས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་སློབ་དཔོན་ཡིན་པ་དང་། ཁོང་གིས་ཡུ་གུར་མི་རིགས་ཐོག་རྒྱ་ནག་གིས་བཟུང་བའི་སྲིད་ཇུས་ལ། སྐྱོན་བརྗོད་ཤུགས་ཆེན་བྱས་རྐྱེན། ཕྱི་ལོ་༢༠༡༤ ལོར་ཉིན་གཉིས་རིང་ཁྲིམས་བཤེར་བྱས་ནས། ཁ་བྲལ་རིང་ལུགས་ཀྱི་ཉེས་འཛུགས་འོག ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

ཁོང་གིས་དེའི་སྔོན་དྲ་རྒྱ་ཞིག་གསར་འབྱེད་བྱས་ཏེ། དེའི་ཐོག་ཏུ་ཡུ་གུར་མི་རིགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས་སོགས་ལ་འཕྲད་བཞིན་པའི་གནད་དོན་ཐོག་བགྲོ་གླེང་བྱས་ཡོད་པ་རེད། རྒྱ་གཞུང་གིས་ཁོང་དང་ཁོང་གི་སློབ་མ་ཚོས་ནག་ཉེས་པའི་ཤོག་ཁག་ལ་བཙུགས་ནས། ཡུ་གུར་དེ་རྒྱ་ནག་ལས་ཁ་བྲལ་གཏོང་ཐབས་བྱེད་ཀྱི་ཡོད་པའི་ཉེས་འཛུགས་འོག ཁོང་དང་ལྷན་དུ་ཁོང་གི་སློབ་མ་བདུན་ལ་ཡང་ཁྲིམས་ཆད་བཏང་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་སོགས་གཙོས་པའི། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་གཞན་༨ ཀྱིས། སྐུ་ཞབས་ཨེལ་ཧམ་ཊོ་ཧེ་ཊི་ཡིས་རྒྱ་ནག་གི་དྲག་རྩུབ་ཀྱི་སྲིད་ཇུས་དང་ཡུ་གུར་མི་རིགས་ཀྱི་བདེ་སྡུག་གསལ་སྟོན་བྱས་ཏེ། ཕྱོགས་གཉིས་བར་འགྲིག་འཇགས་ཡོང་ཐབས་བྱས་ཡོད་ཀྱང་། རྒྱ་གཞུང་གིས་གནས་ཚུལ་དེ་སྦས་ཡོད་པ་རེད། ཁོང་ལ་དཀའ་ངལ་ཇི་འདྲ་འཕྲད་ཡོད་མེད་ལ་མ་ལྟོས་པར། ཁོང་ནི་བཏང་སྙོམས་དང་འགྲིག་འཇགས་ཀྱི་འབོད་སྒྲ་ཞིག་ཡིན་སྐོར་བརྗོད་འདུག

ཧོང་ཀོང་ལ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་གི་ཉམས་ཞིབ་པ་མཱ་ཡ་ཝང་གིས། “གཟེངས་རྟགས་དེས་སློབ་དཔོན་ཁོང་གིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་དང་། ཧན་མི་རིགས་དང་ཡུ་གུར་བའི་བར་ལ་གྲོས་མོལ་ཡོང་ཐབས་ལ་འབད་པའི་སྙིང་སྟོབས་ཀྱི་ལས་དོན་ལ་ངོས་འཛིན་བྱས་པ་གཅིག་པུ་མ་ཡིན་པར། དེས་རྒྱ་ནག་གཞུང་གིས་རང་ཉིད་ལ་ཁ་གཏད་གཅོག་མཁན་དག་ལ། ཉེས་པ་ཚབས་ཆེ་རུ་བཏང་དང་གཏོང་བཞིན་པ་གསལ་སྟོན་བྱས་ཡོད་པ་རེད། ཁོང་ལ་གཟེངས་རྟགས་ཐོབ་པའི་གནས་ཚུལ་དེར་རྣམ་འགྱུར་དྲག་པོ་སྟོན་པ་ལས། ཁོང་བཙོན་གྲོལ་བཏང་ནས་ཡུ་གུར་ས་གནས་ལ་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཀྱི་སྲིད་ཇུས་དེ་མེད་པ་བྱེད་དགོས་”ཞེས་བརྗོད་འདུག

ཁོང་གི་བཙོན་འཇུག་ཁྲིམས་ཆད་དེར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་མུ་མཐུད་བཙོན་འཇུག་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།