མེ་སོར་རྟེན་གཞི་བྱས་པའི་གཞན་ཕན་ཐེབས་རྩ་དང་བྷ་རཏ་མཐོ་སློབ་གཉིས་ཀྱི་གཞོན་སྐྱེས་ཚོགས་འདུ། 

པར་རིས་རྣམས་ཚོགས་འདུ་གོ་སྒྲིག་པས་མཁོ་སྤྲོད་གནང་།

ཁ་སང་མེ་སོར་ས་གནས་སུ་རྟེན་གཞི་བྱས་པའི་གཞན་ཕན་ཐེབས་རྩ་དང་བྷ་རཏ་མཐོ་སློབ་གཉིས་ཀྱི་གོ་སྒྲིག་འོག་འཕགས་བོད་གཞོན་སྐྱེས་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་གནང་ཡོད་འདུག 

གཏམ་བཤད་གནང་མཁན་རྣམས།

ཕྱི་ཚེས་༡༡ རེས་གཟའ་ཟླ་བའི་ཉིན་མེ་སོར་དུ་རྟེན་གཞི་བྱས་པའི་གཞན་ཕན་ཐེབས་རྩ་དང་བྷ་རཏ་མཐོ་སློབ་(Bharath Matha degress college, koppa) གཉིས་ཟུང་འབྲེལ་ཐོག་འཕགས་བོད་གཞོན་སྐྱེས་ཚོགས་འདུ་ཐེངས་དང་པོ་དེ་བྷ་རཏ་མཐོ་སློབ་གྱི་ཚོགས་ཁང་དུ་འཚོགས་ཡོད་འདུག་པ་དང་། ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི་སློབ་ཕྲུག་གི་མདུན་ལམ་སློབ་སྟོན་དང་། བཟང་སྤྱོད་སྐོར་གོ་རྟོགས་སྤེལ་རྒྱུ། འཕགས་བོད་གཞོན་སྐྱེས་དབར་ཤེས་ཡོན་གྱི་འབྲེལ་ལམ་བཟང་དུ་གཏོང་རྒྱུ།  རྒྱ་གར་དང་བོད་རིགས་གཞོན་སྐྱེས་དབར་ཤེས་ཡོན་དང་ཉམས་མྱོང་བརྗེ་ལེན་གནང་རྒྱུ། མ་འོངས་པའི་སྤྱི་ཚོགས་ཀྱི་འགོ་ཁྲིད་དབར་འབྲེལ་ལམ་འཆམ་མཐུན་བསྐྲུན་རྒྱུ་བཅས་ཡིན་འདུག

སྐབས་དེ་དུས་རྒྱ་གར་དང་བོད་པའི་སློབ་ཕྲུག་ཁྱོན་༡༨༠ ཙམ་དང་སློབ་གྲྭ་བརྒྱད་ཙམ་མཉམ་ཞུགས་གནང་ཡོད་འདུག་ལ། ཐེངས་འདིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མེ་སོར་གཙུག་ལག་མཐོ་སློབ་ཀྱི་ཡིག་རྒྱུགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་མཛོད་ཆེན་མོ། བྷ་རཏ་མཐོ་སློབ་ཀྱི་སློབ་སྤྱི། ཡེ་ཤུས་ཐོ་མ་སེ་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་བཅས་ཕེབས་ཡོད་འདུག 

དེ་བཞིན་ཚོགས་འདུའི་ཐོག་གཏམ་བཤད་ཀྱི་བརྗོད་གཞི་ནི་བཟང་སྤྱོད་དང་མདུན་ལམ་སྐོར་བཤད་ཡོད་པ་དང་། གཏམ་བཤད་གནང་མཁན་ཧིན་བོད་གཉིས་ཀྱི་གཞོན་སྐྱེས་ཁྱོན་དྲུག་ཡོད་པ་དང་། བོད་པའི་ཡིག་སྒྱུར་བ་ཐུབ་བསྟན་རྒྱལ་མཚན་ལགས་དང་ཚོང་ལས་བ་བདེ་སྐྱིད་དབྱངས་འཛོམས་ལགས། ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས། རྒྱ་གར་བ་(CA kumarpal )(Shruthi latha Ravikumar )(Lt Col Satish)བཅས་ཀྱིས་གཏམ་བཤད་གནང་ཡོད་འདུག མེ་སོར་བོད་ཀྱི་སྡོད་ཁང་གི་འགན་འཛིན་རྒན་བསོད་ནམས་ཕུན་ཚོགས་ཀྱིས་བརྗོད་དོན་ལ་ཚོགས་འདུ་དེའི་ཐོག་ཧིན་བོད་གཉིས་ཀྱི་ཚོགས་བཅར་བ་ན་གཞོན་རྣམས་ལ་མ་འོངས་པ་རང་ཉིད་ཀྱི་མི་ཚེའི་མདུན་ལམ་ཡག་པོ་ཞིག་བསྐྲུན་ཐབས་ཆེད་དུ་ཤེས་ཡོན་དང་བཟང་སྤྱོད་ཀྱི་གོ་རྟོགས་རག་ཐབས་དང་། སྤྱི་ཚོགས་ཁྲོད་མི་བཟང་པོ་ཡོང་ཐབས་ལ་དམིགས་ནས་འདི་ལོར་གོ་སྒྲིག་ཞུས་པ་ཞིག་ཡིན་པར་རྗོད་ཀྱི་འདུག དེ་བཞིན་མ་འོངས་པར་ལོ་ལྟར་གོ་སྒྲིག་ཞུ་ཐབས་བྱེད་རྒྱུ་ཡིན་པར་ཡང་བརྗོད་སོང་། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།