མོ་ཏི་ཡིས་སྲིད་དབང་བཟུང་བའི་རྗེས་ཡི་ཤུའི་ལྷ་ཁང་ལ་གནོད་འཚེ་མང་དུ་སོང་ཟེར།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་ཡི་ཤུའི་ལྷ་ཁང་ཞིག་མེར་སྲེག་བཏང་པའི་གནད་དོན་ཐོག་གཞུང་གིས་ཞིབ་འཇུག་དང་ཐག་གཅོད་ཡག་པོ་མ་བྱས་པའི་སྐྱོན་བརྗོད་འོག ཡི་ཤུའི་དད་ལྡན་པ་དང་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་བྱས་འདུག

10979361_908517499188201_1359539927_nཟླ་འདིའི་ཕྱི་ཚེས་༥ རེས་གཟའ་མིག་དམར་ཉིན། རྒྱ་གར་གི་རྒྱལ་ས་ལྡི་ལི་རུ་ཡོད་པའི་ཡི་ཤུའི་དད་ལྡན་པ་དང་རྒྱབ་སྐྱོར་བ་བརྒྱ་ཕྲག་ལྷག་འདུ་འཛོམས་བྱས་ཏེ། རྒྱལ་ས་ལྡི་ལི་ནང་གི་ཡི་ཤུའི་ལྷ་ཁང་(Sacared Heart Cathedral) ཞེས་པ་ཡོད་སར་ནས་དབུས་ནང་སྲིད་བློན་ཆེན་(Rajnath Singh) གྱི་སྡོད་གནས་བར། ལག་ཏུ “ང་ཚོར་དྲང་བདེན་དགོས། ད་འགྲིག་སོང་། ཉེན་རྟོག་ཚོས་ཅི་ཞིག་བྱེད་ཀྱི་ཡོད།” ཞེས་བྲིས་པའི་འཕྲེད་དར་འཕྱར་ཏེ་ཞི་བའི་ཁྲོམ་སྐོར་གྱི་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་རྒྱལ་སའི་ཉེན་རྟོག་པ་མང་པོ་ས་གནས་སུ་འབྱོར་ཏེ་ངོ་རྒོལ་བ་རྣམས་སྤྱི་སྤྱོད་རླངས་འཁོར་ནང་བཅུག་སྟེ། ངོ་རྒོལ་ལས་འགུལ་བའི་མང་ཚོགས་ཁ་གཏོར་ཡོད་པ་མ་ཟད། ཡི་ཤུའི་ཆོས་དཔོན་དང་བཙུན་མ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་འདུག

དེའང་ཟླ་འདིའི་ཕྱི་ཚེས་༢ ཉིན་རྒྱ་ས་ལྡི་ལིར་ཡོད་པའི་ཡི་ཤུའི་ལྷ་ཁང་ཞིག་ཏུ་སུ་ཡིན་མ་ཤེས་པའི་མི་ཁ་ཤས་བཙན་འཛུལ་གྱིས། ལྷ་ཁང་གི་ཅ་དངོས་རྣམས་གཏོར་བཅོམ་ལྷ་ཁང་མེར་སྲེག་བཏང་སྟེ་གནོད་སྐྱོན་ཚབས་བཟོས་ཡོད་ཅིང་། ལོ་སྔོན་མའི་ཕྱི་ཟླ་༡༢ ནས་ད་ལྟའི་བར་རྒྱ་གར་ཏུ་ཡོད་པའི་ཡི་ཤུའི་ལྷ་ཁང་ཁ་ཤས་ལ་གཏོར་བཅོམ་མི་འདྲ་བ་ཐེངས་ལྔ་ཙམ་ཐེབས་ཡོད་པ་རེད།

10966954_908517485854869_1037187109_nལྡི་ལི་ཡི་མཐོ་རིམ་ཉེན་རྟོག་དཔོན་རིགས་ཀུ་མཱར་(Mukesh Kumar) གྱིས་ངོ་རྒོལ་བ་ཚོས་ཆོག་མཆན་མེད་པར་གང་བྱུང་གཞུང་ལམ་དང། བདེ་འཇགས་ཀྱི་སྲུང་སྐྱོབ་དམ་པའི་ས་ཆ། ལྷག་པར་དུ་ནང་སྲིད་བློན་ཆེན་གྱི་བཞུགས་གནས་སུ་ངོ་རྒོལ་བྱེད་མི་ཆོག་པ་མ་ཟད། གལ་ཆེའི་གནད་ཡོད་མི་སྣའི་སྡོད་ཁང་ལ་སྐོར་སྲུང་བྱེད་རྒྱུ་ཁོང་ཚོའི་ལས་འགན་ཡིན་པར་བརྟེན། ངོ་རྒོལ་བ་རྣམས་འཛིན་བཟུང་བྱས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་དང་། ད་དུང་ཁོང་གིས་རྒྱལ་སའི་ནང་ཡོད་པའི་ཡི་ཤུ་ཡི་ལྷ་ཁང་༢༢༥ ཆ་ཚང་ལ་ཉེན་སྲུང་གི་མཐུན་རྐྱེན་སྦྱོར་ཡོད་སྐོར་བརྗོད་འདུག

ཡི་ཤུའི་ལྷ་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ཡི་ཤུ་པ་རྣམས་རྒྱ་གར་ནང་གྲངས་ཉུང་གི་སྤྱི་ཚོགས་ཆགས་ཡོད་པ་དང་། སྲིད་གཞུང་ངོས་གནད་དོན་དེར་རྟོག་ཞིབ་ཆེད་ཁྲིམས་ཁང་ནས་དམིགས་གསལ་དཔྱོད་ཞིབ་ཚོགས་ཆུང་ཞིག་འཛུགས་དགོས་པའི་དགོས་འདུན་འདོན་ཡོད་པ་མ་ཟད། ཁོང་ཚོས་མཱོ་ཏི་ཡིས་འགོ་ཁྲིད་པའི་ཧིན་རྡུའི་ཆབ་སྲིད་ཚོགས་པ་བྷི་རྗེ་བྷི་(BJP) ཡིས་སྲིད་དབང་བཟུང་བའི་རྗེས། རྒྱ་གར་ནང་གི་ཡི་ཤུའི་ཆོས་ལུགས་ལ་གནོད་འཚེ་མང་དུ་སོང་ཡོད་སྐོར་བརྗོད་འདུག

གསར་འགོད་པ་བསྟན་འཛིན་ཟླ་བ།