མོན་གྷོ་ཌི་མཉམ་འབྲེལ་གྱི་ལོ་འཁོར་ཚོགས་ཆེན།

ཟླ་འདིའི་ཚེས་༦ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞི་རིམ་སོ་ནམ་མཉམ་འབྲེལ་ལོ་འཁོར་ཤས་བདག་མང་ཚོགས་ཀྱི་ཚོགས་ཆེན་ཐེངས་༤༧ པ་མོན་གྷོ་ས་གནས་མི་མང་གཞིས་སྤྱི་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་དམིགས་བསལ་སྐུ་མགྲོན་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན། ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་བཅས་ཀྱིས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་དང་།མཉམ་འབྲེལ་ཤས་བདག་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

society_2014_8_6དེ་ཡང་ཐོག་མར་མཉམ་འབྲེལ་དྲུང་ཆེ་ཀརྨ་དོན་གྲུབ་ཀྱིས་ཕྱི་ལོ་༢༠༡༣ ཟླ་༤ ཚེས་༡་ནས་༢༠༡༤ ཟླ་༣ ཚེས་༣༡ བར་གྱི་མོན་གྷོ་ས་གནས་མི་མང་མཉམ་འབྲེལ་ཁྱབ་ཁོངས་སྡེ་ཚན་ཁག་གི་ལོ་འཁོར་རྩིས་ཁྲ་སྒྲོགས་སྦྱང་དང་འབྲེལ། སྤྱི་ཡོངས་ཀྱི་མཉམ་འབྲེལ་གྱི་གནས་སྟངས་ངོ་སྤྲོད་གནང་སྐབས། མོན་ས་གནས་མི་མང་མཉམ་འབྲེལ་གྱི་ལོ་གཅིག་རིང་ཚོང་ཁང་དང་ཟ་ཁང་འཕྲུལ་རྨོངས་སྡེ་ཚན་ཁག་སོགས་ཀྱི་ནང་ནས་བྱུང་སོང་ཁ་འཐབ་ཀྱི་ཁེ་ཚོང་དེ་དངུལ་འབུམ་ཉི་ཤུ་རྩ་དགུ་དང་སྟོང་ཕྲག་གསུམ་ཅུ་ཙམ་བྱུང་ཡོད་ཅེས་དང་། དེ་བཞིན་མོན་གྷོ་ས་གནས་མི་མང་མཉམ་འབྲེལ་ལ་དངུལ་རྐྱང་ལག་ཡོད་མ་དངུལ་འབུམ་དགུ་བཅུ་དང་ཁྲི་གསུམ་ཙམ་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

དེ་ནས་མོན་གྷོ་ས་གནས་མི་མང་མཉམ་འབྲེལ་ཚོགས་གཙོ་རྣམས་རྒྱལ་ཚེ་རིང་གིས་ལོ་འཁོར་ལས་བསྡོམས་སྒྲོགས་སྦྱང་དང་འབྲེལ་གཏམ་བཤད་གནང་དོན།   ༡༽མོན་གྷོ་ས་གནས་མི་མང་མཉམ་འབྲེལ་ཤས་བདག་མང་ཚོགས་ལ་ཞིང་པ་རྒྱ་གར་ཡུལ་མི་གཅིག་མཚུངས་ཀྱི་ཞིང་པ་༣༧༦ ལ་ཞིང་བུན་ཆགས་ཡང་ཧིན་སྒོར་འབུམ་༨༣ བགོ་འགྲེམས་བྱེད་རྒྱུ་བྱུང་ཡོད། ༢༽ ཕྱི་ལོ་༢༠༡༣ ལོར་སྟོན་ཐོག་ལོ་ཉེས་སོང་བར་བརྟེན་ཞིང་པ་༣༧༦ ལ་ཧིན་སྒོར་འབུམ་༣༢ བགོ་འགྲེམས་བྱེད་ཐུབ་པ་བྱུང་ལ།ལོ་འདིར་ཁྱོན་བསྡོམས་ཧིན་སྒོར་འབུམ་༡༡༥ ཙམ་ཞིང་པ་༣༧༦ ལ་བགོ་འགྲེམས་བྱས་ཡོད་ཅེས་དང་། གཞན་ཡང་ལོ་དེར་མོན་གྷོ་ས་གནས་མཉམ་འབྲེལ་གྱི་ངོས་ནས་མོན་གྷོ་ས་གནས་རང་ཁོངས་མཐོ་སློབ་ལོ་རིམ་དང་པོ་ལ་འགྲོ་མཁན་གྲངས་༡༠ལ་སློབ་ཡོན་ཁ་སྣོན་ཧིན་སྒོར་༥༠༠༠ རེ་ཕུལ་ཐུབ་པ་བྱུང་ཡོད་ཅེས་བརྗོད་སོང་།

1society_2014_8_6ཁོང་གིས་མུ་མཐུད་ནས་མི་མང་མཉམ་འབྲེལ་གྱི་ལས་དོན་བྱེད་ཕྱོགས་སྐོར་ལ་གཏམ་བཤད་གནང་དོན། འདི་ལོར་མོན་གྷོ་ས་གནས་མཉམ་འབྲེལ་གྱི་ཁྱབ་ཁོངས་སྡེ་ཚན་ཁག་གི་ནང་ནས་ཨར་ལས་སྡེ་ཚན་དང་འཐུང་ཆུ་གཙང་བཟོའི་སྡེ་ཚན་གཉིས་ལ་གྱོང་གུད་བྱུང་ཡོད་པ་རེད། འཐུང་ཆུ་གཙང་བཟོའི་ལས་གཞི་དེ་མི་མང་གི་འཕྲོད་བསྟེན་ཆེད་དུ་མ་གཏོགས་མཉམ་འབྲེལ་གྱི་ཁེ་ཚོང་ཆེད་དུ་བཙུགས་པ་ཞིག་གཏན་ནས་མིན་ལ། རྩ་བའི་ཆ་ནས་མཉམ་འབྲེལ་གྱི་ལས་གཞི་གང་འདྲ་ཞིག་ཡིན་རུང་ཤས་བདག་མི་མང་གི་ངལ་སེལ་ཆེད་དང་། མཉམ་འབྲེལ་ཡར་རྒྱས་ཡོང་ཆེད་དུ་དམིགས་པ་ཞིག་རེད། དེར་བརྟེན་མཉམ་འབྲེལ་ཤས་བདག་མང་ཚོགས་ཀྱི་མི་མང་མཉམ་འབྲེལ་གྱི་ཉོ་ཚོང་གང་ཞིག་ནང་ངེས་པར་དུ་ཆ་ཤས་ལེན་རོགས།   གལ་སྲིད་འཐུང་ཆུ་དང་ཨར་ལས་སྡེ་ཚན་གཉིས་ད་དུང་མུ་མཐུད་ནས་གྱོང་གུད་ནང་ལྷུང་ནས་སྒོ་རྒྱག་དགོས་བྱུང་ཚེ་ཁྲོམ་ར་སྒེར་བདག་ཅན་དུ་གྱུར་ནས་རིན་གོང་ལྡབ་འགྱུར་འཕར་མི་སྲིད་པ་ཞིག་མིན་པས། ཤས་བདག་མང་ཚོགས་ཀྱི་དགོངས་པ་ཆེ་བཞེས་གནང་རོགས་ཞེས་སོགས་གསུངས་སོང་།

མཉམ་འབྲེལ་ཤས་བདག་ཚོགས་ཆེན་ཐོག་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་མཉམ་འབྲེལ་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་བཅས་དང་འབྲེལ་བའི་གཏམ་བཤད་གནང་དོན།   བཙན་བྱོལ་ནང་གི་གཞིས་ཆགས་གཞན་དང་མི་འདྲ་བར་མོན་གྷོ་ས་གནས་མཉམ་འབྲེལ་གྱི་འགོ་ལས་ཡོངས་ཀྱི་སྐུ་ངལ་བསྐྱོན་པའི་གྲུབ་འབྲས་ལ་བརྟེན་ནས། ཞིང་པ་ཚོར་ཞིང་བུན་དེ་རྒྱ་གར་ཡུལ་མི་དང་འདྲ་མཉམ་ཐོབ་པ་དེ་རླབས་ཆེན་གྱི་ཕྱག་ལས་རེད་བསམ་གྱི་འདུག འདིའི་ཐོག་གཞན་དང་མི་འདྲ་བའི་ཁེ་ཕན་ཆེན་པོ་ཞིག་ཐོབ་པ་དེ་ངས་དངོས་སུ་མཐོང་གི་འདུག   དེར་བརྟེན་ས་གནས་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཚོགས་གཙོ་དང་བཅས་པར་བསྔགས་བརྗོད་དང་ཐུག་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་འདིའི་གོ་སྐབས་དེ་མ་བརླག་པ་ཞིག་གནང་རོགས་གནང་། དེ་བཞིན་ཞིང་བུན་ལེན་མཁན་ཚོའི་ངོས་ནས་ཡིན་ན་ཡང་དུས་ཚོད་ཏག་ཏག་ཞིང་བུན་ཕུལ་ཐུབ་པ་གནང་རོགས། གལ་སྲིད་འདིའི་གོ་སྐབས་འདི་བརླག་པ་ཡིན་ན་བསྐྱར་གསོ་བྱེད་རྒྱུ་ཧ་ཅང་ཁག་པོ་ཞེ་དྲག་རེད་ཅེས་དང་།

ཁོང་གིས་མུ་མཐུད་ནས་གསུང་དོན། མཉམ་འབྲེལ་གྱི་ཚོང་གི་ཐོག་ཁེ་ཕན་ཡག་པོ་བྱུང་འདུག་ལ་དམིགས་བཀར་ཧིན་སྒོར་འབུམ་བཅུ་ཤེས་ཡོན་སོགས་ཀྱི་ཆེད་དུ་ཟུར་འཇོག་གནང་གི་ཡོད་པ་དེ་ཡང་བསྔགས་བརྗོད་འོས་པ་ཞིག་རེད། མི་མང་མཉམ་འབྲེལ་ཇི་སྲིད་ནམ་གནས་ཀྱི་བར་དུ་གཙང་ཁེ་ཆ་ཚང་ཤས་བདག་མང་ཚོགས་ལ་གནང་གི་ཡོད་པ་རེད་མ་གཏོགས་གཞན་རྒྱ་གར་སོགས་སུ་སྤྲོད་དགོས་པ་མ་རེད། མཉམ་འབྲེལ་ཚོགས་གཙོ་དང་འགན་འཛིན་ལྷན་ཚོགས་ཀྱི་མཚོན་མི་མང་ཚང་མས་དཔལ་འབྱོར་གསོག་སྒྲུབ་ཀྱི་ཐོག་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད། དེ་བཞིན་མང་ཚོགས་ཀྱི་ཁེ་ཕན་ནམ་མེད་དུ་མི་རུང་བའི་རྟེན་གཞིའི་འཛུགས་སྐྲུན་སོགས་ཀྱི་དགོས་མཁོ་ཁོ་ནའི་ཆེད་དུ་ས་ཆ་སོགས་གནད་དོན་ཁ་ཤས་ཐོག་མཉམ་འབྲེལ་གྱི་ངོས་ནས་ཁྲིམས་དང་སྒྲིག་གཞི་ཕྲན་བུ་བཟོ་བཅོས་རྒྱག་དགོས་ཀྱང་དགོངས་བཞེས་གནང་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཨ་ཀྲུག་ཚེ་བརྟན་གྱིས་མཉམ་འབྲེལ་ལོ་འཁོར་ཚོགས་ཆེན་ཐོག་མི་མང་མཉམ་འབྲེལ་གྱི་སྤྱིའི་སྒྲོམ་གཞི་འམ་གྲུབ་དོན་དང་འབྲེལ་བའི་གསུང་བཤད་གནང་དོན། མཉམ་འབྲེལ་ཤས་བདག་མང་ཚོགས་ཀྱི་མི་མང་མཉམ་འབྲེལ་དེ་བཙུགས་དགོས་པའི་རྒྱུ་མཚན་གཙོ་བོ་གང་ཡིན་ཤེས་དགོས་པ་གལ་ཆེན་པོ་རེད། གཞི་རྩིའི་འཛམ་གླིང་གི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་རྒྱལ་ཁབ་དེའི་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུར་ལས་དོན་མང་པོ་ཡོད་པའི་ནང་ནས་གཙོ་བོ་དེ་ཆབ་དཔལ་རིག་གསུམ་དར་སྤེལ་གཏོང་རྒྱུ་དེ་ཡིན་པ་རེད། གལ་སྲིད་རྒྱལ་ཁབ་གང་ཞིག་གི་ཆབ་དཔལ་རིག་གསུམ་ཉམས་དམས་སུ་སོང་བ་ཡིན་ན་རྒྱལ་ཁབ་ཏེ་རང་བཞིན་གྱིས་ཉམས་ཆགས་སུ་འགྲོ་བཞིན་ཡོད་པ་རེད།   ང་ཚོ་བོད་པ་ཡིན་ན་ཡང་དེ་དང་གཅིག་མཚུངས་ཡིིན་པ་རེད། དང་པོ་ང་ཚོ་བཙན་བྱོལ་དུ་ཡོང་བ་ནས་བཟུང་༧གོང་ས་མཆོག་གིས་དགོངས་པ་གཏིང་ཟབ་བཞེས་ནས་ཆབ་སྲིད་ཐོག་འཛམ་གླིང་རྒྱལ་སྤྱིའི་ངོས་ལེན་ནམ་ཆེ་མཐོང་ཆེན་པོ་ཡོད་པ། བཙན་བྱོལ་མང་ཚོགས་ཡིན་ན་ཡང་ཁམ་དབང་མོས་པ་དང་མཚམས་པའི་ཡང་དག་པའི་མང་གཙོའི་ལམ་ལུགས་ཞིག་གིས་སྒང་ལ་བསྒྱུར་ནས། ད་ལྟའི་ཆར་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་ལྡན་པའི་ཡང་དག་པའི་མང་གཙོའི་ལམ་ལུགས་ཤིག་གི་ཐོག་འགྲོ་བསྡད་ཡོད་པ་དང་། ཐོག་མ་མ་མ་སུ་རས་ལ་སློབ་གྲྭ་རྒྱབ་ན་ནས་གཟུང་རིག་གཞུང་སྲུང་སྐྱོབ་བྱེད་ཆེད་ད་ལྟའི་བར་བཙན་བྱོལ་གཞུང་ངོས་ནས་འགྲོ་སོང་ཕོན་ཆེ་ཤོས་གཏོང་བཞིན་ཡོད་པ་རེད། དེ་ག་ནང་བཞིན་དཔལ་བྱོལ་གྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་ཐོག་མར་གཞན་རྟེན་གྱི་གནས་བབ་ཞིག་གི་འོག་ནས་ང་ཚོ་གནས་དགོས་བྱུང་ཡོད་པ་རེད། ད་དུང་ཡང་ང་རང་ཚོ་བཙན་བྱོལ་ནང་གི་བོད་མི་ཚོའི་བསམ་བློའི་ནང་གཞན་རྟེན་འཚོ་སྐྱེལ་གྱི་བསམ་བློ་ཤུགས་ཆེན་པོ་ལྷག་གི་ཡོད་པ་རེད། གཞན་རྟེན་འཚོ་སྐྱེལ་གྱི་བརྒྱ་ཆ་བརྒྱ་ཁུངས་འཁྱོལ་གྱི་མ་རེད།   དེ་འདྲ་ཡིན་དུས་དཔལ་འབྱོར་གྱི་གནས་བབ་དེ་རང་སྐྱོང་ཐུབ་པ་ཞིག་ཡོང་དགོས་ཀྱི་ཡོད་པ་རེད། དེར་བརྟེན་དེ་༡༩༦༣ཙམ་ལ་ཐོག་མ་མཉམ་འབྲེལ་བཙུགས་ཡོད་པ་རེད།   ༢༠༠༦ལོར་མཉམ་འབྲེལ་གྱི་ཐོག་མིའི་དམིགས་ཡུལ་ཐོག་འགྲོ་ཆེད་དུ་རང་སྐྱོང་སྡེ་ཚན་འོག་བཞག་ཡོད་པ་རེད། ད་ལྟའི་བར་བཙན་བྱོལ་ནང་མཉམ་འབྲེལ་ཁག་༡༥ཙམ་བཙུགས་ནས་རྣམ་པ་གསར་པ་ཞིག་དང་གོམ་པ་གསར་པ་ཞིག་རྒྱག་བཞིན་པ་རེད་ལ། འབྱུང་འགྱུར་ང་རང་ཚོ་མོན་གྷོ་ཌི་ས་གནས་ལ་མཚོན་པ་ཡིན་ན་ཡང་འགོ་མང་ཡོངས་ཀྱི་ཧུར་ཐག་གནང་རོགས་ཞེས་སོགས་གསུངས་སོང་།

དེ་ནས་མོན་གྷོ་ཌི་ས་གནས་མི་མང་མཉམ་འབྲེལ་གྱིས་ངོས་ནས་འདི་ལོར་ས་གནས་རང་ཁོངས་མཐོ་སློབ་ལོ་རིམ་དང་པོ་ལ་འགྲོ་མཁན་སློབ་མ་ཚོར་རྒྱན་རྒྱབ་ནས་སློབ་མ་༡༠སློབ་ཡོན་ཁ་སྣོན་ཆེད་དུ་ཧིན་སྒོར་༥༠༠༠རེ་གནང་སོང་ལ།   གཞན་མཉམ་འབྲེལ་གྱི་ལས་བྱེད་ཞབས་ལོ་༢༠འཁོར་བ་གཉིས་དང་གཞིས་གྲོང་ཁག་དགུའི་སྤྱི་མི་ཟུར་བ་རྣམ་པ།   གཞན་ཡང་མཉམ་འབྲེལ་ལ་གཞིས་གྲོང་ཁག་ནས་སྟོན་འབྲས་བཙོང་མཁན་མང་ཤོས་དང་།   མཉམ་འབྲེལ་ཚོང་ཁང་ནང་བཅའ་དངོས་ཉོ་མཁན་མང་ཤོས་བཅས་སུ་ལེགས་སོར་བསྔགས་བརྗོད་དང་འབྲེལ་གསོལ་སྩོལ་དང་མཇལ་དར་བསྒྲོན་འབུལ་སོགས་གནང་གྲུབ་རྗེས། ས་གནས་མི་མང་མཉམ་འབྲེལ་ཤས་བདག་མང་ཚོགས་ཡོངས་ལ་རྒྱན་ཤོག་དཀྲུག་ནས་བཅའ་དངོས་བགོ་འགྲེམས་སོགས་བྱས་ཡོད་པ་རེད།།

ལྷོ་ཕྱོགས་གསར་འགོད་པས།