མོན་གྷོ་ཌི་རུ་མཆོད་འབུལ་སྨོན་ལམ།

ཟླ་འདིའི་ཚེས་༡༤ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་གི་ས་གནས་ཀྱི་མི་སྐྱ་ཕོ་མོ་བརྒྱ་ཕྲག་ཁ་ཤས་གཞོན་ནུ་ཚོགས་པའི་ཚོགས་ཁང་ནང་འདུ་འཛོམས་བྱས་ཏེ། རྒྱ་ནག་གི་བཙོན་འོག་དུ་སྐུ་འདས་གྲོངས་སོང་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཆེད་དུ་མཆོད་འབུལ་དང་། སྨོན་ལམ་གསུངས་པ་དང། མོ་གྷོ་ས་གནས་ཀྱི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་མྱ་ངན་ཞུས་ཡོད་པ་རེད།

12དེ་དང་ཕྱོགས་མཚུངས་ཉིན་རྒྱབ་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་འབྲས་སྤུངས་བླ་སྤྱིའི་གོ་སྒྲིག་འོག བླ་སྤྱིའི་འདུ་ཁང་ནང་གྲྭ་ཚང་གཉིས་ཀྱི་དགེ་འདུན་པ་སྟོང་ཕྲག་གསུམ་ལྷག་འཛོམས་དེ་མཆོད་འབུལ་སྨོན་ལམ་རྒྱ་ཆེན་གསུངས་ཡོད་པ་རེད།

ཚོགས་ཆེན་དགེ་སྐོས་དགེ་བཤེས་ཕུན་ཚོགས་དོན་འགྲུབ་ལ་གསར་འགོད་པས་བཅར་འདྲི་ཞུས་པར། ཁོང་གིས། “དེ་རིང་ང་ཚོ་འདིར་ཛ་དྲག་གི་གྲྭ་ཚང་གཉིས་ཀྱི་དགེ་འདུན་པ་ཡོངས་འཚོགས་ཏེ། སྨོན་ལམ་གསུང་གི་ཡོད་པ་རེད། བོད་མདོ་ཁམས་ལི་ཐང་ནས་ཡིན་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བོད་མི་རིགས་དང་།  བོད་བསྟན་པ་ཆབ་སྲིད་ཆེད་ཐ་ན་སྐུ་སྲོག་ཡན་ཆད་བློས་གཏོང་ཆེན་པོ་བྱེད་མཁན་གྱིས་བསྟན་འཛིན་གྱི་སྐྱེས་ཆེེན་དམ་པ་ཞིག་ཡིན་པ་དང་། ལྷག་པར་དུ་ཁོང་ནི་ཉམས་ཆུང་ལ་རོགས་རམ་དང་དབུལ་པོ་ལ་སྦྱིན་གཏོང་སོགས་རང་དོན་བློས་བཏང་སྟེ། སྤྱི་དོན་ཁུར་དུ་བླངས་ནས་རླབས་ཆེན་གྱི་མཛད་པ་སྐྱོང་མཁན་ཞིག་རེད།   དེ་ལྟ་བུའི་མཛད་ཆེན་ཁག་བསྐྱངས་དང་སྐྱོང་བཞིན་པའི་སྐབས་སུ་རྒྱ་ནག་དམར་བོའི་གཞུང་གི་དབང་འཛིན་པ་ཚོས་སྒེར་གཅོད་ཀྱི་དབང་ཆ་བེད་སྤྱད་བཏང་སྟེ། ཉེས་མེད་ཉེས་འཛུགས་བྱས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དོན་མེད་འཛིན་བཟུང་གིས་བཙོན་ལ་བཅུག་སྟེ། ད་ལྟ་གློ་བར་དུ་གོས་ཐོས་བྱུང་བ་ལྟར་ན་ཁོང་རྒྱ་ནག་གི་བཙོན་འོག་ནས་སྐུ་གྲོངས་ཟིན་འདུག་ཟེར་བའི་ཡིད་སྐྱོ་གནས་ཚུལ་འབྱོར་བར་ཧ་ཅང་བློ་ཕམ་ཆེན་པོའི་སྒོ་ནས་ང་ཚོས་དམ་པ་ཁོང་གི་ཆེད་དུ་མཆོད་འབུལ་དང་མཉམ་དུ་མངོན་རྟོག་རྒྱན་དང་རྟེན་འབྲེལ་བསྟོད་པ་ལ་སོགས་པའི་སྨོན་ལམ་འདོན་བཞིན་ཡོད།”ཅེས་གསུངས་སོང་།

123དགེ་བཤེས་ཕུན་ཚོགས་དོན་འགྲུབ་ཀྱིས་སྤྲུལ་སྐུ་གྲོངས་རྐྱེན་སྐོར་གསལ་པོ་མེད་སྐོར་གསུང་དོན། “སྦྱིར་ན་དམ་པ་ཁོང་སྐུ་ག་དུས་གྲོངས་གང་འདྲ་བྱུང་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་སྟངས་གསལ་བོར་ཤེས་རྟོགས་བྱུང་དཀའ་ན་ཡང། ད་བར་དུ་ང་ཚོས་དངོས་སུ་ཤེས་རྟོགས་བྱུང་བ་ནི་བོད་མི་རིགས་ལ་ཤ་ཚ་ཞིང་འགན་ཁུར་བཞེས་ཐུབ་མཁན་དང་མི་རིགས་ཀྱི་ཆེད་དུ་ཕྱག་ལས་རྒྱ་ཆེར་གནང་མཁན་བོད་ནང་བཞུགས་པའི་བླ་ཆེན་མང་པོ་ཞིག་ལ་རྒྱ་གཞུང་གིས་ཆབ་སྲིད་ཀྱིི་ཞ་མོ་གཡོགས་དེ་གནོན་ཤུགས་ཚད་མེད་སྤྲོད་པའམ་ཡང་ན་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་བྱས་དེ་ནམ་མཁའི་འཇའ་ཡལ་བ་བཞིན་གཅིག་གཅིག་གཉིས་གཉིས་བྱས་ནས་མེད་པར་བཟོ་དང་བཟོ་བཞིན་པ་དག་ང་ཚོས་ཤེས་ཀྱི་ཡོད་པ་རེད་”ཅེས་དང།

ཁོང་གིས་མུ་མཐུད་གསུང་དོན། “ད་རེབ་ཀྱང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཡིན་ན་ཡང་དེ་ལྟར་རྒྱ་ནག་གི་བཙོན་འོག་ནས་སྐུ་གྲོངས་སོང་ཟེར་བ་ཙམ་ལས་གནས་སྟངས་གསལ་ཁ་མེད་པའི་འོག་གནས་ཡོད་སྟབས། ཁོང་གི་རྗེས་འཇུག་དད་ལྡན་སློབ་མ་མང་གཙོས་བོད་ཕྱི་ནང་གཉིས་སུ་ཡོད་པ་དང་ལྷག་པར་དུ་ཁོང་གི་སློབ་མའི་ཁྲོད་ན་སྐྱེས་ཆེན་དམ་པ་མང་པོ་ཡོད་པ་རེད་ལ། སྐབས་འདིར་ང་ཚོའི་གདན་སའི་ངོས་ནས་མཆོད་འབུལ་སྨོན་ལམ་བྱེད་པ་ནི་དམ་པ་ཁོང་དང་ཁོང་གིས་རྗེས་འཇུག་སློབ་མ་རྣམས་ལ་ང་ཚོ་ཚང་མ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་ཡིན་པ་མཚོན་ཐུབས་སུ་འདི་ལྟར་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

དེ་བཞིན་འདི་ག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ཧར་གདོང་ཁམས་ཚན་དང་དགའ་ལྡན་དགོན་བྱང་རྩེ་གྲྭ་ཚང་། རྡོ་ར་ཁམས་ཚན་བཅས་ཀྱིས་དགེ་འདུན་པ་རྣམས་ཚོགས་འཚོགས་ཏེ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་པར་མདུན་མཆོད་འབུལ་དང་སྨོན་ལམ་གསུངས་ཡོད་པ་རེད།།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།