མོན་གྷོ་རུ་སྤྱི་འཐུས་ཀྱི་མཚམས་གཟིགས།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མི་ཚོས་ས་གནས་ཁག་ལ་འཚམས་གཟིགས་དང་འབྲེལ། ས་གནས་མི་མང་གི་གནས་སྟངས་ལ་རྒྱུས་ལོན་བྱེད་ཀྱི་ཡོད་པ་ལྟར། ཐེངས་འདིར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་གཉིས་ཀྱིས་མོན་གྷོ་ས་གནས་སུ་འཚམས་གཟིགས་གནང་ཡོད་པ་རེད།

ཟླ་འདིའི་ཚེས་༡༨ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་གཉིས་འདི་ག་མོན་གྷོ་ས་གནས་སུ་འཚམས་གཟིགས་ཆེད་ཕེབས་གནང་ཡོད་པ་དང་། ཕྱི་ཚེས་༡༨ ནས་ཉིན་གསུམ་རིང་མོན་གྷོ་ས་གནས་ཀྱི་དགོན་སྡེ་གྲྭ་ཚང་ཁག་དང་གཞིས་གྲོང་ཁག དེ་བཞིན་མོན་གྷོ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་མ་ལག་དང་བཅས་པར་འཚམས་གཟིགས་དང་མཆོད་མཇལ་སོགས་གནང་ཡོད་པ་རེད།

ཕྱི་ཚེས་༢༡ ཉིན་མོན་གྷོ་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་ཡོངས་བསྡུ་བསྐོང་གིས། བཞུགས་མོལ་ཚོགས་འདུ་ཞིག་གཞིས་སྤྱིིའི་ཚོགས་ཁང་ནང་འཚོགས་ཡོད་པ་དང་། སྐབས་དེར་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་གྱིས་གཏམ་བཤད་གནང་དོན།   ༧གོང་ས་མཆོག་གིས་ཆུང་དུས་ལྟའི་བར་བོད་མི་སཱ་ཡ་དྲུག་གི་ཆེད་དུ་སྐུ་ལུས་བསྐྱོན་ཡོད་སྐོར་དང་།   ད་དུང་ཡང་འཛམ་གླིང་ཤར་ནུབ་ཀུན་དུ་ཕེབས་ནས་བོད་མིའི་བདེན་མཐའ་གསལ་ཆེད་དུ་ཕེབས་བཞིན་ཡོད་སྐོར་སོགས་གསུངས་སོང་།

དེ་ནས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་གི་སྐོར།   ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་བཅས་ཀྱི་སྐོར་མི་མང་ལ་གཏམ་བཤད་གནང་ཡོད་པ་རེད།

ཕྱི་ཚེས་༢༢ ཉིན་སྤྱི་འཐུས་གཉིས་ཀྱིས་མོན་གྷོ་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་རྣམས་ལ། བོད་མི་མང་སྤྱི་འཐུས་ལྷན་གྲོས་ཚོགས་ཀྱི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས། ཁྲིམས་སྒྲིག་གི་འགྲོ་སྟངས་ཐོག་ཟབ་སྦྱོང་ཞིག་ས་འཐུས་ཚོགས་ཁང་ནང་སྤྲད་ཡོད་པ་དང་།

ཕྱི་ཚེས་༢༣ ཉིན་གྱི་ཞོགས་པར་གཞིས་སྤྱི་ཚོགས་ཁང་ཆེན་མོའི་ནང་གཞིས་གྲོང་ཁག་དགུའི་མི་མང་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ལ་གཏམ་བཤད་གྲུབ་རྗེས།   ཉིན་རྒྱབ་གདན་ས་ཆེན་པོ་འབྲས་སྤུངས་བླ་སྤྱི་རུ་གཏམ་བཤད་གནང་ཡོད་པ་རེད།

ཕྱི་ཚེས་༢༤ ཉིན་གྱི་ཞོགས་པར་གདན་ས་དགའ་ལྡན་དགོན་པའི་དགེ་འདུན་པར་འཚམས་གཟིགས་དང་འབྲེལ་གཏམ་བཤད་གནང་རྗེས། ཉིན་རྒྱབ་མོན་གྷོ་ས་འཐུས་རྒྱུན་ལས་ཚོར་སྔོན་རྩིས་གཏན་འབེབས་ཕྱོགས་ཀྱི་མཚོན་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཐད་ཟབ་སྦྱོང་ཞིག་སྤྲད་ཡོད་པ་རེད།

ཕྱི་ཚེས་༢༥ ཉིན་གྱི་སྔ་དྲོ་མོན་གྷོ་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་མཉམ་དུ། ཐེངས་འདིའིི་སྤྱི་འཐུས་འཚམས་གཟིགས་དང་འབྲེལ་བའི་ལས་དོན་ཁག་མཇུག་བསྡོམས་སྐོར་གྱི་མཛད་སྒོ་གྲུབ་རྗེས། ཐེངས་འདིའི་སྤྱི་འཐུས་འཚམས་གཟིགས་ཀྱི་ལས་རིམ་ཡོངས་ལེགས་པར་གྲུབ་ཡོད་པ་རེད་འདུག

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།