ཚན་རིག་པ་ཨེན་སི་ཀྲེན་གྱི་ཡིག་ཆུང་ཨ་སྒོར་ས་ཡ་༡.༥༦ ལ་བཙོང་འདུག

དངོས་ཁམས་ཚན་རིག་པ་གྲགས་ཅན་ཨེན་སི་ཀྲེན་གྱིས་ཕྱི་ལོ་༡༩༢༢ ལོར་འཇར་མན་སྐད་ཡིག་ཐོག་བྲིས་པའི་ཡིག་ཆུང་ཞིག་ལ། རིན་སྤར་ཚོང་བསྒྱུར་ཞིག་ཐོག་ཨ་སྒོར་ས་ཡ་༡.༥༦ རག་ཡོད་པ་དང་། རིན་གོང་ཐོབ་པ་དེ་ཚོད་དཔག་བྱས་པ་ལས་ལྡབ་མང་པོ་མང་བ་ཡིན་འདུག

ཟླ་༡༠ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༡༩༢༢ ལོར་ཉི་ཧོང་གི་གྲོང་ཁྱེར་ཀྲོག་ཡོ་ཏུ་གཏམ་བཤད་བྱེད་པར་སླེབས་ཡོད་པ་དང་། སྐབས་དེར་ཁོང་ལ་ནོ་བྷེལ་གཟེངས་རྟགས་ཐོབ་པའི་བརྡ་ལན་ཡང་འབྱོར་ཟིན་ཡོད་འདུག ཁོང་སྡོད་སའི་མགྲོན་ཁང་ནང་དུ་སྦྲག་པ་ཞིག་ཁོང་ལ་ལན་ཞིག་བསྐྱལ་བ་སླེབས་ཡོད་འདུག་པས། དེ་ལ་བརྔན་དངུལ་ཚུལ་དུ་ཁོང་གིས་མིང་རྟགས་བཀོད་པའི་ཡིག་ཆུང་གཉིས་བྲིས་ཏེ་སྤྲད་ནས། རྗེས་སུ་ཡིག་ཆུང་དེ་གཉིས་ལ་རིན་གོང་ཆེན་པོ་ཐོབ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག ཁག་ཅིག་གིས་སྐབས་དེར་ཉི་ཧོང་གི་ལུགས་སྲོལ་ལྟར། སྦྲག་པ་དེས་བརྔན་དངུལ་ལེན་འདོད་བྱས་མེད་པས་ཡིག་ཆུང་དེ་གཉིས་སྤྲད་པ་ཡིན་སྐོར་བརྗོད་ཀྱི་ཡོད་ཀྱང་། ཁག་ཅིག་སྐབས་དེར་ཨན་སི་ཀྲེན་ལ་དངུལ་སིལ་མ་མེད་པས་ཡིག་ཆུང་དེ་གཉིས་སྤྲད་པ་ཡིན་སྐོར་བརྗོད་ཡོད་འདུག

ཡིག་ཆུང་དེ་གཉིས་ལས་གཅིག་ལ་ཨེན་སི་ཀྲན་གྱིས་བདེ་སྐྱིད་ཐོབ་ཚུལ་སྐོར་ལ་བྲིས་ཡོད་འདུག དེ་ཡང་ཡིག་ཆུང་དེའི་ཐོག་ཏུ་“རྟག་ཏུ་ལྷིང་འཇགས་མེད་པའི་ངང་གྲུབ་འབྲས་རྩེར་གསོན་ཡོང་ཐབས་ཀྱི་རྗེས་སུ་སྙེགས་པ་ལས། ཞི་བདེ་དང་བག་ཡོད་ལྡན་པའི་མི་ཚེ་ཡིས་བདེ་སྐྱིད་མང་བ་ཐོབ་ཀྱི་རེད།”ཅེས་བྲིས་ཡོད་འདུག ཡིག་ཆུང་དེར་ཐོག་མར་ཨ་སྒོར་༥༠༠༠ ནས་༨༠༠༠ བར་ཐོབ་རྒྱུར་ཚོད་དཔག་བྱས་ཡོད་འདུག་ཀྱང་། རིན་སྤར་ཚོང་བསྒྱུར་སྐབས་སུ་ཨ་སྒོར་ས་ཡ་༡.༥༦ ལ་བཙོང་ཐུབ་ཡོད་འདུག

དེ་བཞིན་ཡིག་ཆུང་གཉིས་པ་དེའི་ནང་ཁོང་གིས་“གལ་ཏེ་འདུན་པ་ཡོད་ན་ལམ་ཁ་ཡོད་ཅེས་བྲིས་ཡོད་འདུག་པ་དང་། ཡིག་ཆུང་དེར་ཨ་སྒོར་༢༤༠༠༠༠ ལ་བཙོང་ཐུབ་ཡོད་པ་དང་། ཡིག་ཆུང་དེ་གཉིས་བཙོང་མཁན་ནི་ཡིག་ཆུང་སྤྲོད་ཡུལ་གྱི་སྦྲག་པ་དེའི་སྤུན་མཆེད་ཡིན་འདུག

ཨེན་སི་ཀྲན་ནི་ལོ་རྒྱུས་ནང་དངོས་ཁམས་ཚན་རིག་པ་གྲགས་ཆེ་ཤོས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོང་ཚན་རིག་པ་ཡིན་ཁར་ཆོས་དང་ལྟ་བའི་ཐོག་ལ་ཡང་ཤེས་རྒྱ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་རེད། ཁོང་གིས་དེ་སྔོན་དེང་དུས་ཀྱི་ཚན་རིག་གི་དགོས་མཁོ་དང་མཐུན་ཐུབ་པའི་ཆོས་ནི་ནང་ཆོས་ཡིན་སྐོར་ཡང་བརྗོད་མྱོང་ཡོད་འདུག ཁོང་ཕྱི་ལོ་༡༨༧༩ ལོར་འཇར་མན་དུ་སྐྱེས་པ་དང་ཕྱི་ལོ་༡༩༥༥ ལོར་ཨ་རིར་གྲོངས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།