ཚོ་སྔོན་ཚེ་རིང་ལགས་ཀློད་འཀྲོལ་བཏང་ཡོད་འདུག་ཀྱང་ཁོང་གི་འགྲོ་འདུག་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག 

བོད་མི་ན་གཞོན་མཚོ་སྔོན་ཚེ་རིང་ལགས་ཀློད་འཀྲོལ་བཏང་ཡོད་འདུག་ཀྱང་། ཁོང་གི་གཟུགས་གཞིའི་གནས་སྟངས་གང་འདྲ་ཡོད་ཁ་གསལ་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ཉིན་མཚན་དབྱེར་མེད་དུ་ཁོང་ལ་ལྟ་སྲུང་བྱེད་བཞིན་ཡོད་འདུག

ཕྱི་ཚེས་༢༢ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་གསལ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ན་གཞོན་མཚོ་སྔོན་ཚེ་རིང་ལགས་ཟླ་འདིའི་ཚེས་༨ ཉིན་གློད་འཀྲོལ་བཏང་ཡོད་འདུག་ཀྱང་།   གློད་བཀྲོལ་གྱི་ཆ་རྐྱེན་དམ་པོ་དེས་ཁོང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་ནས་རྡོག་རོལ་གཏོང་བཞིན་ཡོད་པ་དང་། ཁོང་གི་གཟུགས་གཞིའི་གནས་སྟངས་སྐྱོ་པོ་ཡིན་པར་བརྗོད་འདུག དེ་བཞིན་ཁོང་གློད་བཀྲོལ་བཏང་ཟིན་ཀྱང་ད་དུང་བཀག་སྡོམ་ཆེན་པོའི་འོག་གནས་ཡོད་པ་མ་ཟད།  སྤྱི་ཚོགས་ཐོག་གཞུང་ལ་གནོད་གཞིའི་གཏམ་བརྗོད་ཀྱི་རིགས་སྤེལ་མི་ཆོག་པ་དང།  མི་སྣ་འདུ་འཛོམས་སོགས་སུ་མཉམ་ཞུགས་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་འདུག་པས།  དེས་ཁོང་གི་གཏམ་བརྗོད་རང་དབང་དང་ཞི་བའི་འདུ་འཛོམས་བཀག་སྡོམ་བྱས་པ་ཙམ་མ་ཟད། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་དྲིལ་བསྒྲགས་ལ་དཀའ་ངལ་བཟོས་ཡོད་ཅེས་གོང་གསལ་ཚོགས་པས་བཀོད་འདུག མཚོ་སྔོན་ཚེ་རིང་ལགས་ནི་ཟི་ཁྲོན་ཞིང་ཆེན་རྔ་པ་ཁྱུང་མཆུ་རྫོང་ཚ་རུ་མའི་སྡེ་པ་ནས་ཡིན་པ་དང་། ཕྱི་ལོ་༢༠༢༤ ལོའི་ཕྱི་ཟླ་༡༠ པའི་ནང་ཨན་ཧུའི་ཤཱན་ཧྭ་འཛུགས་སྐྲུན་སྤྱི་གཉེར་ཁང་གིས་བྱེ་མ་སྔོག་འདོན་བྱས་པར་ཐེར་འདོན་ཆེད། ཁོང་གིས་སྤྱི་ཚོགས་དྲྭ་ལམ་ཐོག་སྐར་མ་ལྔ་ཅན་གྱི་བརྙན་ཐུང་ཞིག་སྤེལ་རྗེས་ས་གནས་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ཤིང་། སྤྱི་གཉེར་ཁང་དེས་ཕྱི་ལོ་ ༢༠༢༣  ཟླ་ ༥ པ་ཙམ་ནས་བཟུང་གཞུང་ལམ་འཛུགས་སྐྲུན་ལ་ཁ་གཡར་ནས་གཏེར་ཁ་དང་བྱེ་མ་སྔོག་འདོན་བྱེད་བཞིན་ཡོད་ཅིང་། ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་མ་ཟད། ས་གནས་མི་མང་དང་སྒོ་ཕྱུགས་སེམས་ཅན་སོགས་ཀྱི་འཚོ་གནས་ལའང་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད་པས་ཡུལ་མི་ཚོས་འབྲེལ་ཡོད་ལས་ཁུངས་སོགས་ལ་ཞུ་གཏུག་བྱས་ཀྱང་དོན་འབྲས་སོན་མེད་པ་རེད་འདུག
 མཚོ་སྔོན་ཚེ་རིང་གིས་ཞི་བའི་ངོ་རྒོལ་གནང་བ་དེར་ཁྱུང་མཆུ་རྫོང་ཁྲིམས་ཁང་ནས་ཟླ་བ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་ཁོང་གིས་ཉེས་འཛུགས་ཁས་ལེན་མ་བྱས་པའི་དབང་གིས་སླར་ཡང་ཟླ་བ་བརྒྱད་ཀྱི་ཁྲིམས་ཐག་བཅད་ཡོད་པར་བརྗོད་འདུག འདི་ལོའི་ཕྱི་ཟླ་ ༡ པོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གསུམ་ནས་རྒྱ་ནག་གཞུང་ལ་ཤོག་ངོས་བདུན་ཅན་གྱི་ཡི་གེ་ཞིག་བཏང་བའི་ནང་མཚོ་སྔོན་ཚེ་རིང་ལགས་འཇུ་བཟུང་བཀག་ཉར་བྱས་པའི་གནས་སྟངས་ལ་སེམས་ཁྲལ་ཆེན་པོ་བྱས་ཡོད་པ་དང་། བོད་དུ་གང་བྱུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ཞི་བའི་ཐོག་ནས་ངོ་རྒོལ་བྱས་པར་གང་བྱུང་གིས་བཀག་ཉར་དང་། བལྟ་སྲུང། འཇིགས་སྐུལ་བཅས་བྱེད་ཀྱི་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གི་ཉེས་འཛུགས་ལ་ཁྲིམས་མཐུན་གྱི་གཞི་རྩ་ཡོད་མེད་ལ་དོགས་སློང་དང་ཁྲིམས་མཐུན་གྱི་གོ་རིམ་མེད་པ། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་སྤྱི་དམངས་ཀྱི་རང་དབང་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་གསལ་སྟོན་བྱས་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས།  ཚེ་རིང་ལགས་ཀྱི་བཀག་སྡོམ་གནས་སྟངས་ཚང་མ་མེད་པ་བཟོ་དགོས་པ་མ་ཟད། དགོས་ངེས་ཀྱི་སྨན་བཅོས་མཐུན་རྐྱེན་སྦྱོར་དགོས་པ་དང་།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ལྟར་ཁོ་ཚོའི་གཏམ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་ལ་སྲུང་སྐྱོབས་དགོས་པ། ཁོར་ཡུག་ལས་འགུལ་བ་ཚོར་དྲག་གནོན་འཚམས་འཇོག་དང།  ཁོ་ཚོའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྒྱ་གཞུང་དབང་འཛིན་པས་ངེས་པར་དུ་འགན་འཁུར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་འདུག 

གསར་འགོད་པ། བསྟན་འཛིན་ཆོས་དབྱངས།