ཚོགས་པ་ལྔས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ཟླ་འདིའི་ཚེས་༢༤ ཉིན་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་པ་ལྔས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་ཕུལ་བ་དང་། ༧གོང་ས་མཆོག་གིས་“ང་ཚོའི་དུས་ཚོད་གཉན་འཕྲང་ཅན་སྡུག་ཤོས་དེ་ཕལ་ཆེར་ཡོལ་ཚར་བ་རེད་ཤག ང་ཚོ་གནས་ཚུལ་གསར་པ་ཞིག་གི་འོག་ ནས་རེ་བ་གསར་བ་ཞིག་རྒྱག་རྒྱུའི་སྒང་ལ་བསླེབས་སྡོད་ཡོད་རེད།ཚང་མས་ཧུར་ཐག་གནང་ཤོག”ཅེས་བཀའ་སློབ་གནང་སོང་།

བརྟན་བཞུགས་འབུལ་མཁན་ཡར་འབྲོག་གཞིས་བྱེས་མི་མང་དང་། འཇོལ་ཀོང་རྒྱལ་གསུམ་གཞིས་བྱེས་མི་མང་། མངའ་རིས་སྤྱི་མཐུན་ཚོགས་པ་ཐུན་མོང་། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ། བྱང་རིགས་གཞིས་བྱེས་མི་མང་བཅས་ཡིན་པ་རེད།
སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། དེ་རིང་འདིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་དང་འབྲེལ་བའི་ཐོག་བརྟན་བཞུགས་གནང་བ་རེད། གང་ལྟར་ལས་དང་སྨོན་ ལམ་གྱི་མཐུ་བཙན་པོ་ཞེ་དྲག་རེད། ང་དེར་ལས་དང་སྨོན་ལམ་གྱི་ཐོག་ནས་བོད་ཀྱི་བསྟན་སྲིད་དང་འབྲེལ་བ་ཆེན་པོ་ཡོད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། བོད་གངས་ལྗོངས་ཀྱི་རྒྱལ་བསྟན་ཆབ་སྲིད་མི་མང་གི་བདེ་རྩ་དང་བཅས་པར་ཚང་མ་ལ་ཕངས་པོ་ཞེ་དྲག་ཡོང་པའི་སྐབས་དེར། ང་དེར་རྒྱལ་བའི་མིང་ཐོགས་ནས་ད་ལྟའི་བར་དུ་འདས་པའི་ལོ་རྒྱུས་ནང་ལ་སྒྲོ་འདོགས་པ་མ་ཡིན་པ་དངོས་ཡོད་གནས་ཚུལ་ལ་བལྟས་ན་འཛམ་བུ་གླིང་ཀུན་གསལ་རེད། ངས་གང་ལ་གང་འཚམ་གྱིས་བོད་བསྟན་སྲིད་མི་མང་དང་བཅས་པ་ལ་ཕན་ཐོགས་བྱས་ཡོད་པ་དེ་གསལ་པོ་ཞེ་དྲག་རེད། བྱས་ཙམ་ད་ལྟ་ལོ་བརྒྱད་ཅུ་གྱ་གྲངས་རེད། དགུ་བཅུ་གོ་གྲངས། བརྒྱ་བརྒལ་ཙམ་ཞིག་ངས་བོད་རྒྱ་ཆེ་མི་མང་གི་བསྟན་འགྲོའི་དོན་བྱེད་རྒྱུའི་སེམས་ཤུགས་ཡོད་ལ་ཏན་ཏན་བྱེད་ཐུབ་ཀྱི་རེད། སོང་ཙམ་ཁྱེད་རང་ཚོ་ཚང་མས་བློ་བདེ་བོ་བྱས་ནས་བཞུགས་ཨ། ང་གཟུགས་པོ་ནི་ཡག་ཐག་ཆོད་ཡོད། ཀླད་པ་ཡང་གྲུང་ཐག་ཆོད་ཡོད། བྱས་ཙང་ད་དུང་འབྱུང་འགྱུར་ལོ་ངོ་བཅུ་ཕྲག་གཉིས་གསུམ་བསྡད་ཐུབ་ཀྱི་རེད། གང་ལྟར་ང་རང་ཚོ་བོད་ཀྱི་བདེན་མཐའ་དེ་ཕར་གསལ་ནས་དེ་འདྲ་ཞིག་ཕལ་ཆེར་ཡོང་རྒྱུའི་རེ་བ་བརྒྱབ་ཆོག་པ་རེད། དེ་རིང་ཁ་སང་རྒྱ་ནག་ནང་དུ་འགྱུར་བ་ཞེ་དྲག་འགྲོ་ཡི་འདུག བོད་ཀྱི་ནང་ཆོས་ལ་དོ་སྣང་ཆེན་མོ་བྱེད་ཀྱི་འདུག ངའི་མིང་གི་ཐོག་ལ་ཡང་དོ་སྣང་འདྲ་བྱེད་སྡོད་ཀྱི་འདུག གང་ལྟར་བོད་ཀྱི་དངོས་གནས་དྲང་གནས་ཆོས་དང་རིག་གཞུང་དེ་དེ་རིང་ཁ་སང་འཛམ་བུ་གླིང་གིས་དོ་སྣང་བྱ་ས་ཞིག་ཆགས་སྡོད་ཡོད། ཚན་རིག་པའི་ནང་དུ་ཡང་དོ་སྣང་བྱ་ས་ཞིག་ཆགས་སྡོད་ཡོད་རེད། དེ་འདྲ་ཡིན་དུས་བོད་ཀྱི་བདེན་དོན་དེ་མུ་མཐུད་ནས་འཛམ་བུ་གླིང་ཐོག་གནས་པ་ཙམ་དུ་མ་ཟད་འཛམ་བུ་གླིང་གང་ས་གང་དུ་ཕན་ཐོགས་ངེས་ཅན་ཞིག་ཡོང་ཐུབ་རྒྱུ་དེ་ཕལ་ཆེར་ངས་ཚོད་ཐིག་གི་འདུག ང་རང་ངོས་ནས་གང་ཡོང་བ་དེ་བྱེད་ཀྱི་རེད་ཅེས་དང་།
དེ་བཞིན་༧གོང་ས་མཆོག་གིས་སྤྱིར་བོད་གངས་ཅན་ལྗོངས་ཀྱི་བསྟན་འགྲོའི་དོན་དང་། བོད་ནང་གི་རྒྱ་ཆེའི་མི་མང་རྣམས་ཀྱིས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ཞེ་དྲག་དགའ་མོས་བྱེད་ཀྱི་འདུག ཚུར་དེ་འདྲ་དད་མོས་བྱས་ཡོང་དུས་དེ་དག་ལ་སྨོན་ལམ་ཚིག་སྐམ་པོ་ཞིག་ལས་མེད་ན་ཡང་རྒྱག་རྒྱུ་དེ་ངའི་ལས་འགན་རེད། རྒྱ་ནག་གི་ནང་དུ་ཆ་བཞག་ན་དེ་རིང་ཁ་སང་ཏཱ་ལའི་ལོག་སྤྱོད་པ་ཟེར་མཁན་མི་འདུག ཏཱ་ལའི་བླ་མས་ཆོས་སྐོར་བཤད་པ་དེ་ཚོ་དཔལ་ནཱ་ལེནྡྲ་ཡི་ཆོས་བརྒྱུད་ཚན་རིག་དང་མཐུན་པ་འདུག་ཅེས་བཤད་མཁན་འདུག ད་དུང་ང་ལོ་ཉི་ཤུ་ཙམ་ཧྲ་ཐག་ཐག་བྱས་ནས་སྡོད་ཀྱི་རེད། ཁྱེད་རང་ཚོ་བོད་རྒྱ་ཆེ་མི་མང་གིས་སེམས་ཤུགས་བསྐྱེད་ནས་ཧུར་ཐག་བྱེད་དགོས་རེད། ཧུར་ཐག་བྱེད་རྒྱུ་དེ་པེ་གལ་ཆེན་པོ་རེད། ང་ཚོའི་དུས་ཚོད་གཉན་འཕྲང་ཅན་སྡུག་ཤོས་དེ་ཕལ་ཆེར་ཡོལ་ཚར་བ་རེད་ཤག ང་ཚོ་གནས་ཚུལ་གསར་པ་ཞིག་གི་འོག་ ནས་རེ་བ་གསར་བ་ཞིག་རྒྱག་རྒྱུའི་སྒང་ལ་བསླེབས་སྡོད་ཡོད་རེད།ཚང་མས་ཧུར་ཐག་གནང་ཤོག དེ་གར་ཡིན་ཞེས་ལ་བཀའ་སློབ་ལམ་སྟོན་བསྩལ་སོང་།
གསར་འགོད་པ་བློ་བཟང་རྒྱ་མཚོ།

