ཛེམ་བྷ་ཝི་སྲིད་འཛིན་རྩ་དགོངས་ཞུས་པས་མི་མང་དགའ་སྤྲོས་འཁེངས་འདུག
ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཛེམ་བྷ་ཝི་ཡི་སྲིད་འཛིན་རོ་བྷེར་ཌེ་མུག་བྷེ་ཡིས། རྒྱལ་ཁབ་ཀྱི་དབང་ཆ་ལོ་ངོ་༣༧ བཟུང་རྗེས་རྩ་དགོངས་ཞུས་འདུག་པས། མི་མང་གིས་མངོན་གསལ་དོད་པོས་དགའ་བསུ་བྱེད་བཞིན་འདུག་ཀྱང་། སྲིད་དབང་སྒེར་བཟུང་གི་ལམ་ལུགས་མེད་པ་ཆགས་པའི་ངེས་པ་མེད་འདུག
ཟླ་༡༡ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལོ་ངོ་༩༣ ཡིན་པའི་འཛམ་གླིང་ནང་གི་འགོ་ཁྲིད་ལོ་ན་རྒན་ཤོས་རོ་བྷེར་ཌེ་མུག་བྷེ་ཡིས། ཕྱི་ལོ་༡༩༨༠ ནས་༡༩༨༧ བར་ཛེམ་བྷ་ཝི་ཡི་སྲིད་བློན་བྱས་ཡོད་འདུག་པ་དང་། དེ་རྗེས་ཕྱི་ལོ་༡༩༨༧ ནས་༢༠༡༧ བར་སྲིད་འཛིན་བྱས་ཡོད་འདུག མི་མང་པོ་ཞིག་གིས་ཁོང་ནི་རྒྱལ་ཁབ་དེའི་རང་བཙན་གྱི་དཔའ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། སྐྱོན་བརྗོད་པ་མང་པོ་ཞིག་གིས་ཁོས་རྒྱལ་ཁབ་དེའི་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་བཏང་ཡོད་པར་ངོས་འཛིན་བྱེད་བཞིན་འདུག ཁོང་གིས་རང་གི་སྲིད་དབང་དེ་བཟའ་ཟླར་སྤྲོད་ཐབས་བྱེད་ཀྱི་ཡོད་པའི་དོགས་གཞིའི་འོག མི་མང་དང་གྲོས་ཚོགས་ཀྱི་གནོན་ཤུགས་འོག་རྩ་དགོངས་ཞུ་དགོས་པ་བྱུང་འདུག
ཁོང་གིས་རྒྱལ་ཁབ་ཀྱི་དབང་ཆ་བཟུང་ནས་ལོ་ངོ་༣༧ འགྲོ་བཞིན་པའི་སྐབས་སུ། ཟླ་༡༡ པའི་མགོ་སྟོད་དུ་སྲིད་འཛིན་གཞོན་པ་གནས་དབྱུང་བཏང་ཡོད་འདུག རྩ་ཁྲིམས་གཞིར་བཞག་བྱས་ན་སྲིད་འཛིན་ཞིག་རྩ་དགོངས་ཞུས་རྗེས། སྲིད་འཛིན་གཞོན་པ་ཡིས་སྲིད་འཛིན་གྱིས་ལས་ཁུར་བྱེད་དགོས་ཀྱི་ཡོད་པས། མི་མང་པོ་ཞིག་གིས་སྲིད་འཛིན་གཞོན་པ་གནས་དབྱུང་བཏང་ནས། རང་ཉིད་ཀྱི་བཟའ་ཟླ་ཡར་བསྐོ་གཞག་བྱེད་ཐབས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག བྱེད་སྟངས་དེ་སྲིད་དོན་གྱི་རྙོག་གྲྭ་ཆེན་པོ་ཆགས་པ་དང་། དམག་གི་སྒྲིག་འཛུགས་ཀྱི་དཔོན་རིགས་ཚོས་བྱེད་སྟངས་དེར་འདོད་མོས་མ་བྱུང་ནས། སྲིད་འཛིན་མུག་བྷེ་བཟང་བཙོན་དུ་བཅུག་པས། མི་མང་གིས་ཁོང་རྩ་དགོངས་ཞུ་བའི་རེ་བ་བྱས་ཀྱང་། ཁོང་གིས་དེ་སྔོན་དཀོན་མཆོག་གིས་མ་གཏོགས་ཁོང་གནས་དབྱུང་གཏོང་མི་ཐུབ་བརྗོད་མྱོང་བས། ཐེངས་འདིར་ཡང་ཐོག་མར་རྩ་དགོངས་ཞུ་རྒྱུ་མིན་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད།
རྗེས་སུ་གྲོས་ཚོགས་ནང་ཁོ་གནས་དབྱུང་གཏོང་ཆེད་འོས་བསྡུ་བྱེད་བཞིན་པའི་སྐབས། གྲོས་ཚོགས་ཀྱི་ཚོགས་གཙོར་སྲིད་འཛིན་མུག་བྷེ་ནས་ཡིག་ཆུང་ཞིག་སླེབས་ཏེ། དེའི་ནང་ཁོང་གིས་དབང་ཆ་རྩིས་སྤྲོད་ཞི་བའི་ངང་ཡོང་ཐབས་རང་འགུལ་ཐོག་ནས་རྩ་དགོངས་ཞུ་རྒྱུ་ཡིན་སྐོར་འཁོད་ཡོད་འདུག་པས། ཡི་གེ་དེ་གྲོས་ཚོགས་ནང་སྒྲོགས་སྦྱང་བྱས་རྗེས་གནས་དབྱུང་གི་ལས་རིམ་མཚམས་བཞག་ཡོད་འདུག
ཁོང་རྩ་དགོངས་ཞུས་པའི་གནས་ཚུལ་ཁྱབ་མ་ཐག གྲོས་ཚོགས་འཐུས་མི་རྣམས་ཀྱིས་དགའ་བསུ་ཞུས་པ་དང་སྦྲགས། སྲང་ལམ་དུ་མི་མང་རྣམས་ཀྱིས་གཞས་འཁྲབ་པ་དང་གཞས་གཏང་བ་སོགས་ཀྱི་ཐོག་ནས་དགའ་བསུ་ཞུས་ཡོད་པ་རེད་འདུག
ཁོང་རྩ་དགོངས་ཞུས་ཡོད་ཀྱང་སྲིད་དབང་སྒེར་བཟུང་གི་ལམ་ལུགས་དེ་མེད་པ་ཆགས་མེད་པས། ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་མོར་གྷེན་གྱིས། ཛེམ་བྷ་རྒྱལ་ཁབ་དེ་རང་དབང་དང་དྲང་བདེན་ལྡན་པའི་འོས་བསྡུ་ཡོང་ཆེད་ཁ་ཕྱོགས་གསར་པར་བསྐྱོད་ཀྱི་ཡོད་པའི་རེ་བ་ཡོད་སྐོར་དང་། སྲིད་འཛིན་མུག་བྷེ་ཁོང་མི་ཚེ་ལྷག་མ་ངལ་གསོས་སུ་འཇུག་དགོས་སྐོར་བརྒྱུད་ལམ་ཁག་ཏུ་བརྗོད་ཡོད་འདུག་པ་དང་། ཕྱོགས་འགལ་ཚོགས་པའི་སྲིད་དོན་པ་གཙོ་བོ་ཞིག་གིས་ཊུ་ཊེར་ཐོག་ཏུ་“ང་ཚོས་སྲིད་དབང་སྒེར་འཛིན་པ་ཞིག་མེད་པ་བཟོ་ཐུབ་ཡོད་པ་ལས། སྲིད་དབང་སྒེར་འཛིན་གྱི་སྲིད་གཞུང་དེ་མེད་པ་བཟོས་ཐུབ་མེད་”ཅེས་བྲིས་ཡོད་པ་རེད་འདུག
དེ་སྔོན་གནས་དབྱུང་བཏང་བའི་སྲིད་འཛིན་གཞོན་པ་མཱེ་ནང་གྷ་ཝ་ཟླ་༡༡ པའི་ཚེས་༢༣ མམ་༢༤ ཉིན་སྲིད་འཛིན་གསར་པའི་ལས་ཁུར་དམ་འབུལ་ཞུ་རྒྱུ་ཡིན་འདུག