ཝི་ཏི་ནམ་ལ་རྒྱབ་སྐྱོར་གྱི་ལས་འགུལ།
ཟླ་འདིའི་ཚེས་༢༥ ཉིན་ཕྱི་དྲོ་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭར་ཝེ་ཏི་ནམ་དང་བོད་ཀྱི་མཐུན་སྒྲིལ་ཚོགས་པའི་གོ་སྒྲིག་འོག ལྷོ་རྒྱ་མཚོའི་གནད་དོན་གྱི་རྩོད་རྙོག་དེར་རྒྱ་ནག་གིས་ཝི་ཏི་ནམ་ལ་གནོན་ཤུགས་སྤྲད་པར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ལས་འགུལ་དང་འབྲེལ་བའི་གཏམ་བཤད་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།
ཝེ་ཏི་ནམ་དང་བོད་ཀྱི་མཐུན་སྒྲིལ་ཚོགས་པའི་འགན་ཁུར་བ་ཐུབ་བསྟན་གྱིས་འགྲེལ་བརྗོད་གནང་བ་ལྟར་ན། ད་ལྟ་ལྷོ་རྒྱ་མཚོའི་ནང་དུ་རྒྱ་ནག་གིས་སྣུམ་གྱི་བཟོ་གྲྭ་ཞིག་བཙུགས་པ་དེར་ཝེ་ཏི་ནམ་མི་མང་གིས་ངོ་རྒོལ་བྱེད་སྐབས། རྒྱ་ནག་གིས་མཚོ་དམག་བཏང་སྟེ་གནོན་ཤུགས་སྤྲད་ཡོད་འདུག དེར་བརྟེན་ཝེ་ཏི་ནམ་མི་མང་གིས་ཝེ་ཏི་ནམ་དུ་ཡོད་པའི་བཟོ་གྲྭ་ལ་གཏོར་བཤིག་བཏང་བ་དང་། རྒྱ་ནག་གི་ལས་མི་༣༠༠༠ ཙམ་ཕྱིར་ཕུད་བཏང་ཡོད་པ་རེད། བཟོ་གྲྭ་དེ་ཚོའི་བདག་པོ་མང་པོ་ཐེ་ཝན་གྱི་མི་དང་། ལས་མི་མང་ཆེ་བ་རྒྱ་ནག་གི་མི་རེད་འདུག དེར་བརྟེན་ད་ལྟ་ཝེ་ཏི་ནམ་དུ་ཛ་དྲག་དཀའ་ངལ་འཕྲད་བཞིན་ཡོད་པས། གནས་སྟངས་དེ་ཁྱབ་བསྒྲགས་ཆེད་དུ་མི་མང་ལ་གཏམ་བཤད་བགྲོ་གླེང་དེ་གོ་སྒྲིག་བྱས་པ་ཞིག་ཡིན་འདུག
བགྲོ་གླེང་སྐབས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་དང་། གཞོན་ལྷན་དབུས་རྒྱུན་གྱི་སྐུ་ཚབ་ཚེ་དབང་སྒྲོལ་མ་གཉིས་ཀྱིས་གནད་དོན་དེ་དང་འབྲེལ་བའི་གཏམ་བཤད་བྱས་པ་དང་། ཝེ་ཏི་ནམ་ལ་རྒྱབ་སྐྱོར་མཚོན་ཆེད་དུ་མི་མང་ཁྲོད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།།