ཝུའུ་དབྱིང་ཅེ་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཁྲིམས་བཅད་འདུག

བོད་རང་སྐྱོང་ལྗོངས་ཟེར་བ་དེའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་དང་། འདས་པའི་མི་ལོ་༤༧ རིང་བོད་ནང་ལས་ཀ་བྱས་ཏེ་བོད་མིར་དྲག་གནོན་དང་སྡུག་རྩུབ་ཆེན་པོ་བྱེད་མྱོང་མཁན་རྒྱ་ནག་གི་འགོ་ཁྲིད་ཝུ་དབྱིང་ཅེ་ཟེར་བ་དེས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཚབས་ཆེན་འགལ་ཡོད་པའི་ཉེས་འཛུགས་འོག་དེ་སྔོན་འཛིན་བཟུང་དང་བཙོན་འཇུག་བྱས་ཡོད་པ་བཞིན། ལྐོག་རྔན་ཕོན་ཆེན་བླངས་པའི་ཉེས་མིང་འོག་ད་ལྟ་ཁོ་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཁྲིམས་བཅད་འདུག

    ཕྱི་ཟླ་༧པའི་ཚེས་༡༦ ཉིན་རྒྱ་ནག་གི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཁ་སང་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པ་ཟེར་བས། དེ་སྔོན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་འགོ་ཁྲིད་དུས་ཡུན་རིང་ཤོས་དང་གོ་གནས་མཐོ་ཤོས་སོགས་ལས་རིགས་མང་པོའི་འགོ་ཁྲིད་ཀྱི་གོ་གནས་འཛིན་མྱོང་མཁན་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་རྒྱུན་ལས་དང་། རིག་གནས་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ལྷན་ཁང་གི་དེ་སྔའི་འགན་འཛིན་ཟེར་བ་ཝུའུ་དབྱིང་ཅེས་ལྐོག་རྔན་བླངས་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་འདུག་པ་དང་། ཝུའུ་དབྱིང་ཅེས་ཀྱིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་སྲོག་ཐོག་གཏོང་རྒྱུ་དང་། ཁོས་ནག་ཉེས་མང་པོ་ཞིག་ངོས་ལེན་བྱས་པས་ལོ་གཉིས་ནར་འགྱངས་བྱ་རྒྱུ་དང་།  ཚེ་གང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུ་མ་ཟད་མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་ཡིན་པར་བརྗོད་འདུག་ལ། མ་ཟད་གྱོད་ཐོར་འཁོད་ཡོད་པའི་ཝུའུ་དབྱིང་ཅེས་ལྐོག་རྔན་བླངས་པའི་རྒྱུ་ནོར་ཚང་མ་དང་དེའི་སྐྱེད་འཕེལ་བདའ་འདེད་བཏང་ནས་ཁྲིམས་ལྟར་རྒྱལ་མཛོད་ལ་འབུལ་རྒྱུ་དང་། མ་འདང་བའི་ཆ་རྣམས་མུ་མཐུད་ནས་བདའ་འདེད་གཏོང་རྒྱུ་ཡིན་པར་བརྗོད་འདུག ཁོས་༢༠༠༦ གི་ཟླ་༦ པ་ནས་༢༠༢༡ ལོའི་ཟླ་༢པ་བར་བོད་རང་སྐྱོང་ལྗོངས་ཟེར་བར་ལས་རིགས་འདྲ་མིན་ནང་དམར་ཤོག་གི་འགོ་ཁྲིད་བྱེད་སྐབས་ལྐོག་རྔན་དུང་ཕྱུང་༣་༤༣ བླངས་ཡོད་པར་བརྗོད་འདུག 

     ཝུའུ་དབྱིང་ཅེས་ཀྱིས་ལྐོག་རྔན་བླངས་པའི་དངུལ་འབོར་ཧ་ཅང་མང་བ་དང་། ཉེས་གསོག་གི་གནས་ཚུལ་ཧ་ཅང་ཚབས་ཆེ་བ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཧ་ཅང་ངན་པས། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་ཡོད་པར་བརྟེན། སྲོག་ཐོག་གཏོང་བའི་ཆད་པ་གཅོད་དགོས་ཀྱང་། ཁོས་མི་གཞན་གྱི་ཁྲིམས་འགལ་ཉེས་གསོག་གི་དོགས་པ་ཡོད་པའི་ཁུངས་སྣེ་ཐེར་འདོན་བྱས་པར་ཞིབ་བཤེར་བྱས་རྗེས་དོན་དངོས་ཡིན་པས་བྱས་རྗེས་ཆེན་པོ་བཞག་པ་དང་། ད་དུང་ལྐོག་རྔན་ལེན་པའི་ཉེས་པ་གསོག་སྐབས་ཉེས་པ་གསོག་ཐུབ་མེད་པའི་གནས་ཚུལ་ཡོད་པ་མ་ཟད། ཁྲིམས་ལ་སྦྱར་རྗེས་ཁོ་པས་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་། ལྟ་ཞིབ་ལས་ཁུངས་ཀྱིས་ད་དུང་རྩད་ཆོད་མེད་པའི་ལྐོག་རྔན་བླངས་པའི་ནག་ཉེས་མང་པོ་ཞིག་རང་འགུལ་ངང་ངོས་ལེན་ཞུས་པ། རང་ཉེས་ངོས་ལེན་དང་རང་ཉེས་འགྱོད་བཤགས་བྱས་པ། ལྐོག་རྔན་བླངས་པའི་རྒྱུ་ནོར་ཕྱིར་ཧུར་ཐག་སློག་པ། ལྐོག་རྔན་བླངས་པའི་རྒྱུ་ནོར་དང་དེའི་སྐྱེད་འཕེལ་མང་ཆེ་བ་བདའ་འདེད་བྱས་ཟིན་པར་བརྟེན། ཁྲིམས་བབ་གཉིས་ཀ་ནས་ཉེས་པ་ཆག་ཡང་གཏོང་བའི་གནས་ཚུལ་ལྡན་ཡོད་པས། ཁྲིམས་རར་ཁོ་པ་སྲོག་ཐོག་གཏོང་རྒྱུ་ཡིན་པ་གང་ཞིག་འཕྲལ་དུ་ལག་བསྟར་མི་བྱེད་རྒྱུའི་ཁྲིམས་ཐག་བཅད་པ་རེད་ཅེས་བརྗོད་འདུག ཝུའུ་དབྱིང་ཅེ་ཡིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་དམར་ཤོག་ཚོགས་པའི་དྲུང་ཆེའི་ངོ་བོའི་ཐོག་ལས་ཀ་བྱེད་པའི་སྐབས་སུ་བོད་ནང་ཆེས་དྲག་གནོན་དང་སྡུག་རྩུབ་ཆེ་བའི་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ཤུགས་ཆེར་སྤེལ་ཡོད་པ་མ་ཟད། དུས་རྟག་ཏུ་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་གདོང་ལེན་ནན་པོ་བྱ་དགོས་པར་བཤད་དེ་༸གོང་ས་མཆོག་ལ་མཚན་སྨད་ཤུགས་ཆེ་ཞུ་མཁན་ཞིག་ཀྱང་ཡིན་པ་རེད། དེའི་ཁྲོད་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་ནོར་སྲིད་ལྷན་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་བའི་གནད་དོན་འོག ཝུའུ་དབྱིང་(WU YINGJIE )དང་བོད་རང་སྐྱོང་ལྗོངས་ཉེན་རྟོག་སྤྱི་ཁྱབ་གཙོ་འཛིན་ཀྲང་ཧུང་པོ་(ZHANG HONGBO )གཉིས་ལ་སྲིད་དོན་ཉེས་ཆད་བཀལ་ཏེ། དཔོན་རིགས་གཉིས་པོའི་ཨ་རི་ནང་ཡོད་པའི་རྒྱུ་དངོས་དང་དངུལ་དངོས་སྤྲོད་ལེན་གྱི་ལས་དོན་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་རེད། 

གསར་འགོད་པ། བསྟན་འཛིན་ལམ་བཟང་།