ཞི་ཅིན་ཕིང་གིས་བོད་ཀྱི་བྱིས་པ་ཚོས་རྒྱའི་སྐད་ཡིག་སྦྱོང་དགོས་པ་དང་ཁོང་ཚོ་གཞུང་བཙུགས་སློབ་གྲྭའི་ནང་གཏོང་དགོས་སྐོར་ནན་བརྗོད་བྱས་འདུག 

ཞི་ཅིན་ཕིང་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་༦༠ འཁོར་བའི་མཛད་སྒོའི་ཆེད་དུ་བོད་ཀྱི་རྒྱལ་ས་ལྷ་སར་གློ་བུར་དུ་སླེབས་ཏེ། མཛད་སྒོའི་ཐོག་རྒྱ་ནག་དམར་ཤོག་གཞུང་གིས་ཤེས་ཡོན་སྲིད་བྱུས་གསར་པ་འགའ་ཤས་བཟོས་ཡོད་ཚུལ་དང་། སྲིད་བྱུས་དེ་དག་གི་འོག་བོད་ཀྱི་བྱིས་པ་ཚོས་རྒྱ་སྐད་དང་རྒྱ་ཡིག་སྦྱོང་དགོས་ཤིང་། གཞུང་གིས་བཙུགས་པའི་སློབ་གྲྭ་ཁག་ནང་བོད་ཀྱི་བྱིས་པ་ཚོ་གཏོང་དགོས་སྐོར། དམིགས་བསལ་ཆོས་ལུགས་ཀྱི་བྱེད་སྒོ་དག་སྟངས་འཛིན་ཡག་པོ་བྱས་ནས་བོད་ཀྱི་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་དང་མཐུན་པ་ཞིག་བཟོ་དགོས་སྐོར་བརྗོད་ཡོད་འདུག 

ཕྱི་ཚེས་༢༡ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་ཚེས་༢༠ གཟའ་ལྷག་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་སར་སླེབས་ཡོད་པ་དང་།  སྐབས་དེར་རང་སྐྱོང་ལྗོངས་ཟེར་བའི་གཞུང་གི་གོ་སྒྲིག་འོག་མི་༢༠༠༠༠ ཙམ་གྱིས་ལག་ནང་ཁ་བཏགས་ཁྱེར་ཏེ་སྣེ་ལེན་བྱེད་བཅུག་ཡོད་འདུག་ལ།  ད་ལན་འདི་ཞི་ཅིན་ཕིང་བོད་ལ་ཡོང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག ཁོ་དང་མཉམ་དུ་རྒྱ་ནག་དམར་ཤོག་གཞུང་གི་འགོ་ཁྲིད་མཐོ་ཤོས་བཞི་པ་དང་ཆབ་སྲིད་སློབ་སྟོན་པ་ཝང་ཧུ་ཉིང་(Wang Huning)དང་། སྲིད་འཛིན་ལས་ཁུངས་ཀྱི་འགོ་ཁྲིད་མཐོ་ཤོས་དང་། དམར་ཤོག་གཞུང་གི་འགོ་ཁྲིད་མཐོ་ཤོས་ཨང་ལྔ་པ་ཚའེ་ཆིས་(Cai Qi)གཉིས་ཀྱང་སླེབས་ཡོད་འདུག 

ཞི་ཅིན་ཕིང་བོད་ལ་ཐེངས་དང་པོ་དེ་ཕྱི་ལོ་༢༠༢༡ ཟླ་བ་༧ པའི་ནང་ཡོང་ཡོད་པ་དང་།  ཐེངས་འདིར་བོད་ལ་ཡོང་དོན་གཙོ་བོ་ནི་ཕྱི་ལོ་༡༩༦༥ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་གིས་བཙན་བཟུང་བྱས་ནས་ལོ་དྲུག་གི་རྗེས་སུ་བོད་རང་སྐྱོང་ལྗོངས་ཟེར་བ་དེ་བཙུགས་ཏེ། ལོ་འདིར་ལོ་༦༠ འཁོར་གྱི་ཡོད་འདུག་པས་དེའི་མཛད་སྒོའི་ཆེད་དང་། གཞན་ཡང་བོད་ནང་རྒྱ་ནག་གི་དབང་བསྒྱུར་སྲ་བརྟན་ཡོང་ཆེད་ཆབ་སྲིད་བརྟན་བརླིང་དང་། སྤྱི་ཚོགས་བརྟན་བརླིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་མཐུན་སྒྲིལ་བཅས་ཡོང་ཐབས་ཆེད་དུ་སླེབས་ཡོད་སྐོར་བརྗོད་འདུག དེ་བཞིན་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཟེར་བའི་ས་གནས་གཞུང་གིས་ཁ་བྲལ་རིང་ལུགས་ལ་ཁ་གཏད་ནན་པོ་བཅག་ཡོད་ཚུལ་བརྗོད་ནས་བསྟོད་བསྔགས་ཆེན་པོ་བཏང་ཡོད་པ་ལས། ཐེངས་འདིར་ཁོས་༧གོང་ས་མཆོག་དང་འབྲེལ་བའི་སྐོར་གང་ཡང་བཤད་མེད་པར་བརྗོད་འདུག   ཞི་ཅིན་ཕིང་གིས་བོད་དེ་ཡག་པོ་ཞིག་འཛིན་སྐྱོང་བྱེད་པ་དང་། ཡར་རྒྱས་འགྲོ་དགོས་ན། ཐོག་མར་ཆབ་སྲིད་བརྟན་བརླིང་དང་། སྤྱི་ཚོགས་བརྟན་བརླིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་མཐུན་སྒྲིལ་བཅས་དགོས་སྐོར་གྱི་གཏམ་བཤད་བྱས་ཡོད་འདུག 

བྷི་བྷི་སི་གསར་ཁང་གིས་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ཚུལ་རྗོད་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཚོས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཀྱི་ཆོས་དང་རིག་གཞུང་ནི་རྒྱ་ནག་གིས་བོད་དབང་བསྒྱུར་བྱེད་བཞིན་པ་དེ་ལ་ཉེན་ཁ་མཐོང་ནས་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པ་བརྗོད་པའི་སྐོར་ལུང་དྲངས་འདུག  འདི་ལོའི་ཕྱི་ཟླ་༦ པའི་ནང་བྷི་བྷི་སི་གསར་ཁང་བོད་མདོ་སྨད་མདོ་རྔ་བ་ཁུལ་དུ་འགྲོ་དུས་བོད་པའི་གྲྭ་པ་ཞིག་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་བཞིན་པ། གཞན་ཡང་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པའི་སྐོར་བརྗོད་བྱུང་ཞེས་བཀོད་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་འཚོ་བ་ཡར་རྒྱས་ཕྱིན་ནས་ཚེ་རིང་དུ་ཕྱིན་ཡོད་ཚུལ་བརྗོད་ཡོད་པ་ལས་དམ་དྲག་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་སྐོར་ངོས་ལེན་བྱེད་ཀྱི་མེད་པར་བརྗོད་འདུག ཐེངས་འདིར་ཞི་ཅིན་ཕིང་བོད་ལ་གློ་བུར་དུ་ཡོང་ཡོད་འདུག་པར་བརྟེན། རྒྱ་ནག་གི་གསར་ཁང་མང་པོ་ཞིག་ཧང་སངས་ནས་གནད་དོན་དེའི་སྐོར་རྒྱ་ནག་རྒྱལ་ཡོངས་ཀྱི་གསར་ཁང་ཚོའི་ནང་གླེང་སློང་དང་གསར་འགྱུར་ཆེན་པོ་ཆགས་ཡོད་འདུག དེ་བཞིན་རྒྱ་ནག་གི་གསར་ཁང་ཚོའི་ཚགས་པར་མདུན་ཤོག་ཏུ་ཞི་ཅིན་ཕིང་བོད་ལ་ཡོང་དུས་བོད་མི་ཚོས་བོད་ཆས་གྱོན་ནས་སྣེ་ལེན་བྱེད་བཞིན་པའི་པར་དྲིལ་བསྒྲགས་བྱས་ཡོད་འདུག

ཁ་སང་ཞིས་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་མཐོ་གྲས་ཚོ་དང་ཐུག་འཕྲད་བྱེད་སྐབས། དཔལ་འབྱོར་ཡར་རྒྱས་དང་། རིག་གཞུང་བརྗེེ་ལེན། དེ་བཞིན་སྤྱི་སྐད་གོང་འཕེལ་གཏོང་ཐབས་སུ་ཤུགས་གནོན་རྒྱག་དགོས་ཚུལ་ནན་བརྗོད་བྱས་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཚོས་གནས་ཚུལ་སྤེལ་ཡོད་འདུག ད་དུང་ཁོས་རྒྱ་ནག་དམར་ཤོག་གཞུང་གིས་མ་འོངས་པར་བོད་ནང་གི་གནད་དོན་བཞི་ཡི་ཐོག་ཏུ་ཤུགས་རྒྱག་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་སྐོར་བརྗོད་ཡོད་འདུག་ཅིང་། གནད་དོན་བཞི་དེ་ནི་བརྟན་བརླིང་དང་། མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུ། ཁོར་ཡུག་སྲུང་སྐྱོབ། ས་མཚམས་ཁག་གི་སྲུང་སྐྱོབ་ཡར་རྒྱས་གཏོང་རྒྱུ་བཅས་ཡིན་པའི་སྐོར་བཤད་ཡོད་འདུག 

ད་དུང་གནད་དོན་གཞན་ཞིག་ནི་རྒྱ་ནག་དམར་ཤོག་གཞུང་གིས་ཤེས་ཡོན་སྲིད་བྱུས་གསར་པ་འགའ་ཤས་བཟོས་ཡོད་ཚུལ་དང་། སྲིད་བྱུས་དེ་དག་གི་འོག་བོད་ཀྱི་བྱིས་པ་ཚོས་རྒྱ་སྐད་དང་རྒྱ་ཡིག་སྦྱོང་དགོས་ཤིང་། གཞུང་གིས་བཙུགས་པའི་སློབ་གྲྭ་ཁག་ནང་བོད་ཀྱི་བྱིས་པ་ཚོ་གཏོང་དགོས་སྐོར་བཤད་ཡོད་འདུག་ལ། དམིགས་བསལ་ཆོས་ལུགས་ཀྱི་བྱེད་སྒོ་དག་སྟངས་འཛིན་ཡག་པོ་བྱས་ནས་བོད་ཀྱི་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་དང་མཐུན་པ་ཞིག་བཟོ་དགོས་སྐོར་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།