ཞི་ཅིན་ཕིང་གིས་ཨ་རིའི་ཚོང་པ་ཞིག་ལ་ཨ་རྒྱའི་འབྲེལ་ལམ་བསྐྱར་གསོར་རོགས་བྱེད་པའི་སྐུལ་མ་བྱས་འདུག

 རྒྱ་ནག་གི་ཕྱོགས་སུ་སྲིད་བྱུས་མཁྲེགས་པོ་འཛིན་མཁན་གྱི་སྲིད་འཛིན་ཊོམ་གྱི་ལས་ཡུན་རྫོགས་ཏེ་སྲིད་གཞུང་གསར་པ་བསླེབ་ཁ་འདིར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིའི་འཚིག་ཇ་ཚོང་ལས་ཁང་ཆེ་ཤོས་ཏེ། སི་ཊར་བྷ་ཁི་(Starbucks) ཡི་སྤྱི་གཉེར་བ་ཟུར་པ་ཧ་ཝར་ཌ-ཤུལ་ཙི་(Howard Schultz) ལ་ཡི་གེ་བཏང་ནས་ཨ་རྒྱའི་འབྲེལ་ལམ་བསྐྱར་གསོ་ལ་རོགས་རམ་བྱེད་པའི་སྐུལ་མ་བྱས་ཡོད་འདུག 

ཕྱི་ཟླ་༡ ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིའི་འཚིག་ཇ་ཚོང་ལས་ཁང་ཆེ་ཤོས་ཏེ། སི་ཊར་བྷ་ཁི་(Starbucks)ཡི་སྤྱི་གཉེར་བ་ཟུར་པ་ཧ་ཝར་ཌ-ཤུལ་ཙི་ལ་ཡི་གེ་ཞིག་བཏང་བའི་ནང་། ཚོང་པ་དེར་ཨ་རྒྱའི་འབྲེལ་ལམ་བསྐྱར་གསོ་ཡོང་བར་རོགས་རམ་བྱེད་དགོས་པའི་སྐུལ་མ་བཏང་ཡོད་འདུག

དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་ཤིན་ཧྭ་གསར་ཁང་(Xinhua News) ནས་རྒྱ་ནག་གི་འགོ་ཁྲིད་ཀྱིས་ཕྱིའི་རྒྱལ་ཁབ་ཀྱི་ཚོང་པ་ཞིག་ལ་ཐད་ཀར་ཡི་གེ་བསྐུར་ནས་འབྲེལ་བ་བྱས་པའི་གནས་ཚུལ་རྒྱུན་ལྡན་མ་ཡིན་པ་དེ་ཕྱིར་བསྒྲགས་བྱས་འདུག  

རྒྱ་ནག་གི་གཞུང་འབྲེལ་གསར་ཁང་དེས། ཡི་གེ་དེའི་ནང་ཞི་ཅིན་ཕིང་གིས་ཨ་རིའི་ཚོང་པ་ཁོ་དང་ཁོའི་ཚོང་ལས་ཁང་ལ་“མུ་མཐུད་ཨ་རྒྱའི་དཔལ་འབྱོར་དང་། ཚོང་ལས་ཀྱི་འབྲེལ་ལམ་ཡར་རྒྱས་གོང་མཐོར་གཏོང་བའི་ཐོག་ཏུ་ནུས་ཤུགས་འདོན་དགོས་”པའི་སྐུལ་མ་བྱས་ཚུལ་བརྗོད་པ་ལས། ཡི་གེ་དངོས་ཀྱི་འདྲ་བཤུས་བཏོན་མི་འདུག

ཨ་རིའི་ཚོང་པ་ཧ་ཝར་ཌ-ཤུལ་ཙི་ཡིས་༡༩༩༩ ལོར་རྒྱ་ནག་ཏུ་སི་ཊར་བྷ་ཁི་ཡི་ཡན་ལག་ཇ་ཁང་ཐོག་མ་དེ་བཙུགས་རྗེས། རྒྱ་ནག་དང་འབྲེལ་ལམ་བཟང་པོ་ཉར་ནས་ཚོང་ལས་དེ་རྒྱ་སྐྱེད་ཤུགས་ཆེན་བཏང་བའི་མཇུག་འབྲས་སུ། ད་ལྟ་རྒྱ་ནག་གི་གྲོང་ཁྱེར་༡༩༠ ཙམ་གྱི་ནང་དུ་ཡན་ལག་ཇ་ཁང་༤,༧༠༠ དང་། ལས་མི་༥༨,༠༠༠ ཡོད་འདུག

རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཉམས་ཞིབ་པ་ཚོས། བྷའེ་ཌན་སྲིད་གཞུང་ནས་བྱང་ཀོ་རི་ཡས་མཚོན་པའི་ཆབ་སྲིད་ཀྱི་གནད་དོན་དག་གི་ཐོག་ལ་པེ་ཅིང་སྲིད་གཞུང་དང་མཉམ་འབྲེལ་བསྐྱར་གསོ་བྱེད་ངེས་ཞེས་བརྗོད་ཀྱི་ཡོད། ཡིན་ན་ཡང་། རྒྱ་ནག་གི་ཇེ་སྡུག་ཏུ་འགྱུར་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཚན་རིག་ལག་རྩལ་རྐུ་འཁྱེར་བྱེད་པའི་གནས་ཚུལ་ལ་ཨ་རི་གཏན་ནས་མི་དགའ་བར་གྱུར་ཡོད་པས། ཚོང་འབྲེལ་གྱི་ཐོག་ནས་འགྱུར་བ་ཞིག་ཡོང་རྒྱུ་ཁག་པོ་ཆགས་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།