ཞི་ཅིན་ཕིང་ཝུའུ་ཧན་ལ་བསྐྱོད་འདུག

རྒྱ་ནག་ནང་ཏོག་དབྱིབས་ནད་དུག་གསར་འགོས་ཀྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པ་དངབསྟུན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནད་དུག་དེའི་ཁྱབ་གདལ་འགྲོ་ཡུལ་ལྟེ་གནས་ཝུའུ་ཧན་གྲོང་ཁྱེར་དུ་སླེབས་འདུག་པས། དེ་ནི་ནད་དུག་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་གྲུབ་འབྲས་ཐོན་བཞིན་ཡོད་པའི་བརྡ་ལན་གསལ་པོ་ཞིག་དང་། ཞི་ཅིན་ཕིང་གིས་གྲུབ་འབྲས་བདག་ཏུ་བཟུང་ཆེད་སླེབས་ཡིན་སྐོར་བརྗོད་བཞིན་འདུག

ཟླ་༣ པའི་ཚེས་༡༠ ཉིན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས། ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་ཡུལ་ལྟེ་གནས་ཧུའུ་པེ་ཞིང་ཆེན་གྱི་གྲོང་ཁྱེར་ཝུའུ་ཧན་དུ་བསྐྱོད་ནས། ནད་དུག་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འཐབ་ས་མདུན་མར་འབད་བརྩོན་བྱེད་བཞིན་ཡོད་པའི་སྨན་པ་དང་དམག་མི། ཉེན་རྟོག་པ། དེ་བཞིན་ནད་པ་སོགས་ལ་དྲ་ཐོག་བརྙན་པར་བརྒྱུད་ནས་སྐད་ཆ་བཤད་ཡོད་འདུག གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ནས། དྲ་ཐོག་བརྙན་པར་བརྒྱུད་སྐད་ཆ་བཤད་ཟིན་རྗེས་ཟུར་བཀག་འོག་ཏུ་ཡོད་པའི་མི་མང་དང་སྡེ་པའི་དང་བླངས་པར་སྐད་ཆ་བཤད་པར་ཕྱིན་ཡོད་སྐོར་བསྒྲགས་འདུག

དེ་ཡང་ཟླ་༡ པོའི་ཟླ་མཇུག་ནས་ཝུའུ་ཧན་གྲོང་ཁྱེར་དང་ཧུའུ་པེ་ཞིང་ཆེན་གྱི་དབུས་ས་ཁུལ་ཁག་ནང་འགྲོ་བསྐྱོད་བཀག་སྡོམ་བྱས་ནས་བཟུང་། ཉེ་ཆར་བདུན་ཕྲག་ཁ་ཤས་རིང་ཨི་ཊ་ལི་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ནང་ཏོག་དབྱིབས་ནད་དུག་གསར་འགོས་དང་ཚེ་སྲོག་ཤོར་མཁན་གྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་ནང་དུ་ནད་དུག་གསར་འགོས་ཀྱི་གྲངས་ཚད་ཧ་ཅང་ཉུང་དུ་ཕྱིན་ཡོད་པས། དཔྱད་བརྗོད་པ་ཚོས་ཐེངས་འདིར་སྲིད་འཛིན་ཞི་ཅིན་ཕིང་གི་སྐོར་བསྐྱོད་དེས། ནད་དུག་འགོས་ཁྱབ་བཀག་འགོག་གི་ལས་དོན་གྲུབ་འབྲས་ཐོན་བཞིན་ཡོད་པའི་བརྡ་ལན་ཡིན་པ་དང་། ཕྱིའི་རྒྱལ་ཁབ་ཁག་ནས་སྲིད་འཛིན་ཞི་ཅིན་ཕིང་གིས་འཐབ་ས་མདུན་མར་འགྲོ་ཡི་མེད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པས། དེ་རིགས་ཉུང་དུ་གཏོང་ཆེད་ཡིན་སྐོར་བརྗོད་བཞིན་འདུག

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་སྲིད་འཛིན་ཞི་ཅིན་ཕིང་གི་ལས་དོན་སྐོར་ལ་ཉིནལྟར་གནས་ཚུལ་སྤེལ་གྱི་ཡོད་ཀྱང་། ཏོག་དབྱིབས་ནད་དུག་གི་ཛ་དྲག་གནས་སྟངས་སྐབས་སུ་སྲིད་བློན་ལཱི་ཁེ་ཆང་ལ་འཐབ་རྒོལ་གྱི་ལས་འགན་བསྐུར་ནས། བརྒྱུད་ལམ་ཁག་ཏུ་ཁོང་གི་སྐོར་ལ་གནས་ཚུལ་དེ་ཙམ་ཁྱབ་ཆེན་སྤེལ་མེད་པ་རེད། འོན་ཀྱང་ཉེ་བའི་བདུན་ཕྲག་ཁ་ཤས་ནས་ནད་དུག་གསར་འགོས་ཀྱི་གྲངས་ཚད་ཉུང་དུ་འགྲོ་འགོ་ཚུགས་པ་དང་བསྟུན། གཞུང་འབྲེལ་བརྒྱུད་ལམ་ཁག་གིས་སྲིད་འཛིན་ཞི་ཅིན་ཕིང་གིས་ནད་དུག་སྔོན་འགོག་ཚོད་འཛིན་ལས་དོན་ལ་འགན་ཁུར་གང་འདྲ་བྱས་ཡོད་མེད་ཀྱི་གནས་ཚུལ་ཁྱབ་ཆེན་སྤེལ་འགོ་བཙུགས་འདུག དེ་བཞིན་ཟླ་༢ པའི་ནང་ཞི་ཅིན་ཕིང་གིས་གཏམ་བཤད་གཅིག་སྤེལ་ནས། དེའི་ནང་ཟླ་༡ པོའི་མགོ་སྟོད་ནས་བཟུང་ཁོང་གིས་ནད་དུག་སྔོན་འགོག་ཚོད་འཛིན་ཐོག་ལམ་སྟོན་བྱེད་བཞིན་པ་ཡིན་སྐོར་བརྗོད་འདུག

ཧོང་ཀོང་ནང་གི་སློབ་དཔོན་ཞིག་གིས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་ཆེ་ཤོས་སྐབས་སུ། སྲིད་འཛིན་ཞི་ཅིན་ཕིང་གིས་ཝུའུ་ཧན་དང་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་གཡོལ་ཡོད་པ་དང་། དེ་ནི་ཁོང་ལ་སྐྱོན་བརྗོད་མི་ཡོང་བའི་ཆེད་ཡིན་པ་དང་། ད་ལྟ་གནས་སྟངས་ཡག་ཏུ་འགྲོ་སྐབས་ཕྱིར་ཐོན་ནས་བསྟོད་བསྔགས་ཐོབ་ཆེད་དང་གྲུབ་འབྲས་བདག་བཟུང་བྱེད་ཆེད་ཡིན་སྐོར་བརྗོད་འདུག

ཧུའུ་པེ་ཞིང་ཆེན་ནང་གི་མི་མང་ས་ཡ་༥༦ ལྷག་གི་འགྲོ་བསྐྱོད་བཀག་སྡོམ་འོག་ཡོད་པས། གཞུང་གིས་ཉེན་ཁ་ཆུང་བའི་ས་གནས་ཁག་ཏུ་བཀག་སྡོམ་མེད་པ་བཟོས་ཏེ། ཅ་དངོས་བཟོ་སྐྲུན་དང་ལས་དོན་གཞན་བྱེད་རྒྱུ་ཡོད་པ་བཟོ་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད་སྐོར་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བཀོད་འདུག

རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་དུག་འཕོག་མཁན་མི་གྲངས་འབུམ་གཅིག་བརྒལ་ཟིན་ཡོད་པ་དང་། ཚེ་སྲོག་ཤོར་མཁན་མི་གྲངས་༤༠༠༠ ལས་མང་བ་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།