ཞི་ཅིན་ཕིན་དང་པུ་ཀྲེན་གཉིས་བར་གྲོས་མཐུན་ཁག་ཅིག་བཞག་ཡོད་འདུག 

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨུ་རུ་སུར་ཉིན་གཉིས་རིང་སླེབས་པ་དང་བསྟུན། ཁོང་དང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གཉིས་བར་དཔལ་འབྱོར་དང་མཉམ་ལས་ཀྱི་ཡིག་ཆར་མིང་རྟགས་བཀོད་ཡོད་ཁར། གནད་དོན་ཁག་ཅིག་ཐོག་གྲོས་མོལ་བྱས་ཡོད་པ་རེད་འདུག 

ཟླ་༣ པའི་ཚེས་༢༢ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཉིན་གཉིས་རིང་གི་ཨུ་རུ་སུའི་གཞུང་འབྲེལ་ཕྱོགས་བསྐྱོད་མཇུག་བསྒྲིལ་ཏེ། ཕྱིར་རྒྱ་ནག་ཏུ་ཐོན་ཡོད་པ་རེད་འདུག ཐེངས་འདིར་ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གཉིས་ཀྱི་ཐུགས་འཕྲད་དེ་ནི། རྒྱལ་སྤྱིའི་ཉེས་ཅན་ཁྲིམས་ཁང་གིས་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་ལ་དམག་འཁྲུག་གི་ནག་ཉེས་བྱས་ཡོད་པ་ཐག་གཅོད་བྱས་ཏེ་འཛིན་བཟུང་དགོས་པའི་བཀའ་བཏང་ནས་ཉིན་ཤས་རྗེས་བྱུང་བ་ཡིན་འདུག་པས། རྒྱལ་སྤྱིའི་ཉེས་ཅན་ཁྲིམས་ཁང་གི་ཐག་གཅོད་དེར་ནུས་པ་དང་གནོན་ཤུགས་གང་ཡང་མེད་པ་གསལ་སྟོན་ཆགས་ཡོད་འདུག 

ཨུ་རུ་སུའི་གཞུང་འབྲེལ་བརྒྱུད་ལམ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཕྱོགས་གཉིས་བར་ཡིག་ཆ་གཉིས་ལ་མིང་རྟགས་བཀོད་ཡོད་འདུག་པ་དང་། ཡིག་ཆ་གཅིག་ནི་ཕྱོགས་གཉིས་བར་དཔལ་འབྱོར་གྱི་མཉམ་ལས་དང་། གཞན་ཞིག་ནི་ཕྱོགས་གཉིས་བར་ལས་དོན་གཞན་ཁག་ཅིག་གི་ཐོག་ཏུ་མཉམ་ལས་ཤུགས་ཆེ་རུ་གཏོང་བའི་ཡིག་ཆ་ཡིན་འདུག དེ་བཞིན་སཱི་བྷི་རི་ཡ་ནས་སོག་པོ་བརྒྱུད་རྒྱ་ནག་ལ་ཨུ་རུ་སུའི་རྡོ་སྣུམ་འོར་འདྲེན་བྱེད་ཆེད་ཀྱི་སྦུགས་མདོང་མཐུད་ལམ་ཞིག་བཟོ་འཆར་ཐོག་མོས་མཐུན་བྱུང་བ། རྡུལ་མཚོན་གྱི་དམག་ནམ་ཡང་རྒྱག་མི་ཉན་པའི་མོས་མཐུན་བྱུང་བ། ཨ་རི་དང་ཨོ་སི་ཀྲོ་ལི་ཡ། དབྱིན་ཡུལ་བཅས་ཀྱི་བར་དུ་བདེ་སྲུང་གི་མཉམ་ལས་གནད་དོན་ཐོག་གླེང་སློང་བྱས་པ། ཨེ་ཤི་ཡ་ཁུལ་དུ་ནུབ་བྱང་སྒྲིག་འཛུགས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པར་སེམས་འཚབ་སོགས་ཀྱི་ཐོག་ལ་གླེང་མོལ་བྱས་ཡོད་པ་རེད་འདུག 

ཕྱོགས་གཉིས་ཀྱིས་མཉམ་དུ་སྤེལ་བའི་བསྒྲགས་གཏམ་ནང་དུ། ཨུ་རུ་སུ་དང་རྒྱ་ནག་གི་མཉམ་ལས་ནང་དུ་དམག་དང་སྲིད་དོན་གྱི་མཐུན་ཕྱོགས་ཡིན་པ་ཚུད་ཀྱི་མེད་པ།  རྒྱལ་ཁབ་གཞན་ཞིག་ལ་དམིགས་མེད་པ་དང་འཐབ་རྒོལ་གྱི་རང་བཞིན་གང་ཡང་མེད་སྐོར་བརྗོད་འདུག 

ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གྱིས་རྒྱ་ནག་གིས་བཏོན་པའི་ཡུག་ཀེ་རན་གྱི་དམག་འཁྲུག་མཚམས་འཇོག་བྱེད་ཐབས་ཀྱི་གྲོས་འཆར་དེ་ཞི་བདེ་ཡོང་བའི་ལས་གཞིའི་གཞི་རྩར་བེད་སྤྱོད་བྱེད་ན་འགྲིག་གི་ཡོད་ཀྱང་། ཡུག་ཀེ་རན་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་ངོས་ལེན་བྱེད་ཀྱི་མེད་སྐོར་བརྗོད་འདུག 

རྒྱ་ནག་གི་གྲོས་འཆར་ནང་དུ་ཕྱོགས་གཉིས་བར་དམག་འཁྲུག་གནས་སྐབས་མཚམས་འཇོག་དགོས་པ་བརྗོད་པ་ལས། ཨུ་རུ་སུས་དམག་མི་ཡུག་ཀེ་རན་ནས་ཕྱིར་འཐེན་དགོས་སྐོར་བརྗོད་མེད་འདུག་པས། ཨ་རི་སོགས་ཀྱིས་གལ་སྲིད་ཨུ་རུ་སུའི་དམག་མི་ཡུག་ཀེ་རན་ནས་ཕྱིར་འཐེན་མ་བྱས་པར་དམག་འཁྲུག་མཚམས་བཞག་ཚེ། ཨུ་རུ་སུས་བཙན་བཟུང་འོག་ཡོད་པའི་ས་ཆ་རྣམས་ཀྱི་བདག་དབང་ཨུ་རུ་སུར་ཡོད་པའི་ངོས་འཛིན་ཆགས་སྲིད་པ་དང་། དུས་སྐབས་དེའི་རིང་ཨུ་རུ་སུའི་དམག་ལ་འཆར་གཞི་གཞན་སྒྲིག་པའི་གོ་སྐབས་ཐོབ་སྲིད་སྐོར་བརྗོད་འདུག ཡུག་ཀེ་རན་ཕྱོགས་ནས་ཀྱང་རྒྱ་ནག་གི་གྲོས་འཆར་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད་འདུག 

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གིས་ཨུ་རུ་སུ་དང་ཡུག་ཀེ་རན་བར་ཞི་བདེ་དང་གྲོས་མོལ་ཡོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཁར། དམག་འཁྲུག་འདིའི་ཐོག་བར་གནས་ཀྱི་རྒྱལ་ཁབ་ཅིག་ཡིན་སྐོར་བརྗོད་འདུག 

རྒྱ་ནག་དང་ཨུ་རུ་སུ་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པ་དེ་ལ་བརྟེན་ནས། ཨ་རིས་སྣེ་ཁྲིད་པའི་བྱང་ཆིང་སྒྲིག་འཛུགས་ལ་ཁ་གཏད་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།