ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་བརྒྱད་ཀྱིས་རྒྱ་ནག་མཉམ་དུ་གན་རྒྱ་བཞག་མི་འདུག

ད་ལྟའི་ཆར་ཡུ་རོབ་དང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གཅིག་གིས་རྒྱ་ནག་ལ་ལྟ་སྟངས་དེ་འགྱུར་བ་འགྲོ་བཞིན་པའི་གནས་ཚུལ་ཁག་གཅིག་རྒྱལ་སྤྱིའི་གསར་ཁང་ཁག་ཏུ་ཐོན་འདུག

ཟླ་འདིའི་ཚེས་༣༠ ཉིན་Business Standard ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་(Wang Yi) ཉིན་གྲངས་བཅུའི་རིང་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་བརྒྱད་ཀྱི་ནང་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་བཅུ་ཡི་དབུ་ཁྲིད་ཚོ་དང་ལྷན་དུ་ཧྤི་ཇི་(fiji) ཞེས་པའི་གླིང་ཕྲན་རྒྱལ་ཁབ་ཏུ་ཐུག་འཕྲད་ཀྱིས་ཞི་བདེ་རྒྱ་མཚོ་ཁུལ་གྱི་བདེ་འཇགས་དང་འབྲེལ་བའི་གན་རྒྱ་ཞིག་འཇོག་འཆར་ཡོད་མོད། ཕྱོགས་ཕན་ཚུན་བར་དུ་བསམ་ཚུལ་གཅིག་མཐུན་མ་བྱུང་པར་བརྟེན་གན་རྒྱ་འཇོག་རྒྱུ་དེ་ལེགས་གྲུབ་བྱུང་མེད་པའི་གནས་ཚུལ་ཐོན་འདུག 

གླིང་ཕྲན་རྒྱལ་ཁབ་དེ་དག་ནི་ལུང་པ་ཆུང་ཆུང་དང་སྐྱོ་བོ། དཔལ་འབྱོར་དགོས་མཁོ་ཅན་གྱི་རྒྱལ་ཁབ་རྐྱང་པ་ཡིན་མོད་ཀྱང་། སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་དང་ལྷན་དུ་ཚོང་དང་བདེ་འཇགས་དང་འབྲེལ་བའི་གན་རྒྱ་མ་བཞག་དེ་ཡིས་རྒྱ་ནག་ལ་ངོ་ཚ་དང་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ལ་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

གཞན་ཡང་ཟླ་འདིའི་ཚེས་༣༠ ཉིན་TFIGlobal ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་ལ་བརྟེན་ནས་ཡུ་རོབ་ནི་རྒྱ་ནག་དང་ཁ་བྲལ་ནས་ཨ་རིའི་ཕྱོགས་སུ་འགྲོ་བཞིན་པ་དང་། ད་ལྟའི་ཆར་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོས་རང་ཉིད་ཀྱི་དགྲ་གཉེན་གང་ཡིན་ངོ་འཕྲོད་ཡོད་པའི་གནས་ཚུལ་ཐོན་འདུག

བཟོ་ལས་ཐོག་ནས་བཤད་ན་རྒྱ་ནག་དང་འཇར་མན་ནི་གཉིས་ཀྱིས་མཉམ་ལས་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་འཇར་མན་ནི་ཡིས་རྒྱ་ནག་ལ་བརྟེན་རྒྱུ་དེ་ཉུང་དུ་གཏོང་བཞིན་ཡོད་འདུག་ལ། ཕྱི་ལོ་༢༠༡༣ ལོར་སུད་སི་དང་རྒྱ་ནག་གི་བར་དུ་ཚོང་འབྲེལ་གྱི་གན་རྒྱ་ཞིག་བཞག་ཡོད་ཀྱང་། ད་ལྟའི་ཆར་སུད་སི་གཞུང་གིས་རྒྱ་ནག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་བརྟེན། ཕྱོགས་གཉིས་བར་གྱི་ཚོང་འབྲེལ་དེ་ཕྱིར་འགྱངས་བྱེད་རྒྱུ་དེ་དཀའ་ལས་ཁག་པོ་ཞིག་ཏུ་འགྱུར་ཡོད་པའི་གནས་ཚུལ་འདུག

རྒྱ་ནག་དང་ལི་ཐོ་ནི་ཡ་(Lithunia) བར་དུ་ཡང་ཐེ་ཝན་དང་འབྲེལ་བའི་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། ཡུལ་དེར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ཕྱིར་འཐེན་བྱས་ཡོད་པ་དང་། ལི་ཐོ་ནི་ཡ་ནས་རྒྱ་ནག་ཏུ་ནང་འདྲེན་བྱས་པའི་དངོས་ཟོག་ཀྱང་བཀག་སྡོམ་བྱས་ཡོད་འདུག ལི་ཐོ་ནི་ཡའི་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ཁབ་གཞན་ལ་རྒྱ་ནག་ལྟ་བུའི་མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་དཔལ་འབྱོར་ལ་བརྟེན་རྒྱུ་ཉུང་དུ་གཏོང་དགོས་པའི་རེ་བསྐུལ་ཡང་ཞུས་ཡོད་འདུག དེར་བརྟེན་ད་ལྟའི་ཆར་ཡུ་རོབ་ཏུ་རྒྱ་ནག་ལ་སྡང་ཟུག་བྱེད་མཁན་མང་དུ་འགྲོ་བཞིན་པ་དེ་མཐོང་ཐུབ་པའི་གནས་ཚུལ་ཐོན་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།