ཞི་མོལ་ཡོང་ཐབས་སུ་ཁྱད་ཆོས་བཞི་ཚང་དགོས་པ་རེད།

དབུ་མའི་ལམ་གྱི་ལྟ་གྲུབ་ཐོག་ནས་བོད་རྒྱ་བར་ཞི་མོལ་བྱེད་རྒྱུར་གྲོས་འཆར་འདྲ་མིན་ཡོང་ཆོག་གི་རེད་ལ། ཞི་བའི་དོན་ཚན་བདུན་དང་། ཡུ་རོབ་གྲོས་ཚོགས་ཐོག་གི་གྲོས་འཆར་སོགས་ཡོད་རེད། ད་ལྟ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་བསམ་འཆར་ཡིག་ཆ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཞི་འཛིན་ས་གཙོ་བོ་ཡིན་སྐོར་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱིས་གསུངས་སོང་།

དེ་ཡང་ཕྱི་ཟླ་༤ ཚེས་༡༨ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ནང་འབད་བརྩོན་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་པ་དང་། ཚོགས་འདུ་དབུ་འབྱེད་ཐོག་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེས་གསུང་བཤད་གནང་སྐབས། སྔོན་མའི་གནས་སྟངས་ནས་སློབ་གསོ་ལེན་དགོས་སྐོར་དང་འབྲེལ་ནས་གསུང་དོན། “བོད་དོན་འདི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་གཟིགས་ན་གྲུབ་འབྲས་གང་འཚམས་ཐོན་ཡོད་པ་དེའི་ཐོག་བསྐྱར་ཞིབ་བྱས་ཏེ་འདི་ནས་སློབ་གསོ་ལེན་རྒྱུ་གང་ཡོད་མེད་དང་། སློབ་གསོ་བླངས་པའི་ཐོག་ནས་མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འབད་བརྩོན་གནང་རྒྱུར་ཏན་ཏན་ཐུགས་ཕན་སོས་བ་ཡོང་གི་རེད་སྙམ་གྱི་འདུག ང་ཚོས་རྒྱབ་ཤིག་བརྒྱབ་སྟེ་ལྟ་སྐབས་ཕྱི་ལོ་༡༩༨༧ ནས་༡༩༩༣ བར་ཡུལ་དེའི་སྐབས་བོད་མིའི་སྒྲིག་འཛུགས་དང་ཕྱི་དྲིལ་ལས་ཁུངས་ཀྱིས་ཕྱག་ལས་ཧ་ཅང་མང་པོ་ཞིག་གནང་ཡོད། སྐབས་དེར་གྲུབ་འབྲས་ཀྱང་ཧ་ཅང་ཡག་པོ་ཐོན་ཡོད་པ་རེད་ཅེས་ཞུ་ཆོག་པ་རེད། གང་ལ་ཞེ་ན། གཞི་རྩའི་རྒྱལ་སྤྱི་སྤྱི་ཡོངས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་རྩ་དོན་རྩོད་མཁན་མང་པོ་ཞིག་བྱུང་ཡོད་པའི་ནང་ནས་བོད་དོན་དེ་འབུར་དུ་ཐོན་ཐུབ་པ་བྱུང་ཡོད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཤོས་ཐོབ་མཁན་ཁོངས་སུ་ཡོད་པ་རྩོད་མེད་རེད། དེ་བཞིན་རྒྱ་ནག་ནང་ལའང་ཤིན་ཅང་དང་ཡུ་གུར། ནང་སོག ཆོས་འཁོར་སྒོམ་སྒྲུབ་པ། མང་གཙོ་རྩོད་མཁན་སོགས་མང་པོ་ཡོད་ནའང་། ཕལ་ཆེར་བོད་དོན་འདི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གོ་རྟོགས་དང་རྒྱབ་སྐྱོར་ཤུགས་ཆེ་ཐོབ་མཁན་ཁོངས་སུ་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད་པ་རེད་”ཅེས་གསུངས་སོང་།

ཁོང་གིས་མཐུད་གསུང་དོན། “རྒྱ་ཆེ་ས་ནས་གཟིགས་ན་རྒྱལ་སྤྱིའི་ཆབ་སྲིད་ཐོག་བོད་དོན་འགྲེལ་བརྗོད་བྱེད་སྟངས་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དཔེར་ན། བོད་ནང་སོ་སོའི་རྩ་ཆེའི་ལུས་སྲོག་བློས་གཏོང་གནང་སྐབས་རྒྱ་ནག་གཞུང་ནས་དངུལ་ས་ཡ་མང་པོ་བཏང་སྟེ་༸གོང་ས་མཆོག་གིས་དབུས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་བྱས་པ་ལས་བྱུང་བ་རེད་ཅེས་འགྲེལ་བརྗོད་བྱེད་བཞིན་ཡོད། རྒྱ་གཞུང་ནས་བོད་བཙན་འཛུལ་བྱས་ནས་བཟུང་བོད་ནང་ཆབ་སྲིད་ཀྱི་དམ་དྲག་དང་། སྤྱི་ཚོགས་དང་དཔལ་འབྱོར་དབྱེ་འབྱེད། རིག་གཞུང་རྩ་མེད་སོགས་བྱས་པར་བརྟེན་བོད་ནང་རང་ལུས་མེར་སྲེག་གཏོང་བཞིན་ཡོད་ཅེས་ང་ཆོས་འགྲེལ་བཤད་རྒྱག་གི་ཡོད། རང་ལུས་མེར་སྲེག་གི་ཐོག་རྒྱ་ནག་དང་བོད་པའི་ངོས་ནས་འགྲེལ་བཤད་འདི་གཉིས་རྒྱག་གི་ཡོད། འོན་ཀྱང་ཉེ་ཆར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་པའི་འགྲེལ་བཤད་དེར་ངོས་འཛིན་ཆ་འཇོག་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་ཡོད།”ཅེས་ཨ་རི་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོའི་ནང་བོད་ནང་རང་ལུས་མེར་སྲེག་གཏོང་དགོས་དོན་ནི་ཆབ་སྲིད་ཀྱི་དམ་དྲག་དང་ཆོས་དད་རང་དབང་། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་གཏོང་གི་ཡོད་པར་བརྟེན་ནས་ཡིན་ཚུལ་བཀོད་ཡོད་སྐོར་ངོ་སྤྲོད་དང་། དེ་སྔོན་རྒྱལ་སྤྱིའི་ཐོག་ནས་བོད་དོན་གླེང་སློང་བྱུང་ཡོད་སྐོར། འདི་དག་ཚང་མ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སོང་།

ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱིས་“ བོད་རྒྱ་འབྲེལ་མོལ་དང་། ཡུ་རོབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་འཁུར་”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ཁོང་གིས། “བོད་ཀྱི་དཀའ་རྙོག་གི་ངོ་བོ་གཙོ་བོ་དེ་ཆབ་སྲིད་ཀྱི་རྩོད་རྙོག་ཅིག་རེད། དེ་ ཆབ་སྲིད་ཀྱི་ལམ་ནས་སེལ་ཐུབ་པ་ཞིག་དགོས་རེད། འཛམ་གླིང་ནང་དཀའ་རྙོག་དང་རྩོད་རྙོག་ཡོད་མཁན་བོད་པ་གཅིག་པུ་མ་རེད། སྔོན་མ་ནས་མང་པོ་ཡོད་པ་རེད་ལ། ད་ལྟ་ཡང་ཡོད་པ་རེད། དེ་ཚོར་གཟིགས་ན་ཆབ་སྲིད་ཀྱི་དཀའ་རྙོག་དེ་སེལ་ཐབས་སུ་ལམ་ཁ་ག་རེ་འདུག་བལྟས་ན། ཡང་ན་དམག་འཁྲུག་གི་ཐོག་ནས་ཆབ་སྲིད་ཀྱི་དཀའ་ངལ་སེལ་རྒྱུ་རེད། ཡང་ན་དཀའ་རྙོག་གི་ནང་དུ་འཛུལ་ནས་ཕྱོགས་གཉིས་ནས་སྐད་ཆ་བཤད་དེ་ཞི་འགྲིག་གི་ཐོག་ནས་དཀའ་ངལ་སེལ་གྱི་མེད་འགྲོ། དེར་བརྟེན་བོད་ཀྱི་དཀའ་རྙོག་དེ་༧རྒྱལ་བ་རིན་པོ་ཆེས་དབུས་བོད་ཀྱི་དབུ་ཁྲིད་རྣམ་པས། ༡༩༧༤ ལོ་ནས་རྒྱ་ནག་གཞུང་མཉམ་པོར་སྐད་ཆ་བཤད་རྒྱུའི་ཐབས་ལམ་ཞིག་འཚོལ་རྒྱུར་བསྡོམས་བརྒྱབ་རེད་”ཅེས་གསུངས་སོང་།

ཁོང་གིས་ཞི་མོལ་ལ་ཁྱད་ཆོས་ཁག་ཅིག་ཚང་དགོས་སྐོར་གསུང་དོན། “ཞི་མོལ་གྱི་ལམ་ལ་ཁྱད་ཆོས་ཁ་ཤས་ཤིག་ཚང་དགོས་ཀྱི་ཡོད་རེད། བོད་པའི་ལྟ་ཕྱོགས་ནས་ཁྱད་ཆོས་གཙོ་བོ་གཅིག་བོད་ཀྱི་ཛ་དྲག་གི་གནས་ཚུལ་དང་རན་པ། གང་འགྱོགས་བོད་ཀྱི་དཀའ་ངལ་སེལ་བའི་ལམ་ཞིག་འཚོལ་དགོས་རེད། གཉིས་པ་དེ་བོད་ཀྱི་ཆོས་དང་རིག་གཞུང་དང་མཐུན་པ་ཞིག་རེད། གསུམ་པ། རྒྱ་ནག་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་དོན་དང་མ་འགལ་བའི་གཉིས་ཀས་མོས་མཐུན་ཐུབ་པ་ཞིག་དགོས་པ་རེད། བཞི་པ། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་རག་པ་དང་། རྒྱལ་སྤྱིའི་ཐོག་ནས་ཕྱག་རོགས་ཐུབ་པ་ཞིག་དགོས་རེད། ང་ཚོས་གཞི་དེ་ལ་བཞག་ནས་ཕྱི་ལོ་༡༩༨༠ ནང་ནས་ཞི་བའི་དོན་ཚན་ལྔ་དང་། ཡུ་རོབ་གྲོས་ཚོགས་ཐོག་གྲོས་འཆར་སོགས་དབུ་མའི་ལམ་གྱི་གྲོས་འཆར་ཁག་བཏོན་ནས། ཞི་མོལ་བྱེད་རྒྱུའི་གནད་དོན་ཞིག་ཆགས་པ་རེད་”ཅེས་གསུངས་སོང་།

སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱིས་མུ་མཐུད་དབུ་མའི་ལམ་གྱི་ཐོག་ནས་དཀའ་ངལ་སེལ་རྒྱུར་དོན་ཚན་ཁ་ཤས་ཚང་དགོས་སྐོར་གསུང་དོན། “དོན་ཚན་གཅིག དབུ་མའི་ལམ་གྱི་ཐོག་ནས་གྲོས་མོལ་བྱས་ཏེ། དཀའ་རྙོག་སེལ་རྒྱུར་བོད་པའི་མེད་དུ་མི་རུང་བ་དང་། གཞི་རྩའི་རྩ་དོན་གྱི་དགོས་མཁོ་དེ་ཚོ་གསལ་པོ་རྟོགས་དགོས་རེད། དགོས་མཁོ་ཟེར་བའི་ཚིག་དེ་གལ་ཆེན་པོ་རེད། དུས་ཚོད་འདྲ་མིན་དང་གནས་སྟངས་འདྲ་མིན་འོག་ནས་ལངས་ཕྱོགས་འདྲ་མིན་ཡོང་ཆོག་གི་རེད། དགོས་མཁོ་དེ་དགོས་ཀྱི་ཡོད་པས། དགོས་མཁོ་དང་ལངས་ཕྱོགས་གཉིས་དབྱེ་བ་འབྱེད་ཐུབ་པ་གལ་ཆེན་པོ་རེད། བོད་པའི་གཞི་རྩའི་དགོས་མཁོ་དེ་ཡུ་རོབ་གྲོས་ཚོགས་ཐོག་གི་གྲོས་འཆར་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་པའི་ནང་གསལ་པོ་བཀོད་ཡོད་རེད། གཉིས་པ་དཀའ་རྙོག་སེལ་རྒྱུར་ཐག་གཅོད་བྱེད་མཁན་སུ་རེད། ནུས་པ་འདོན་ཐུབ་མཁན་སུ་རེད། ཐེ་ཇུས་བྱེད་ཐུབ་མཁན་སུ་སུ་རེད། བོད་ཀྱི་གནད་དོན་ལ་མཚོན་ན། བོད་མིའི་དབུ་ཁྲིད་རྣམ་པ་དང་། བོད་མིའི་སྒྲིག་འཛུགས། དེ་བཞིན་རྒྱ་ནག་གཞུང་དང་། ཀུང་ཁྲན་ཏང་། རྒྱ་ནག་གི་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་བ། ནང་པ། རྒྱ་ནག་གི་དམག་མི་སོགས་འདྲ་མིན་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་ཚོགས་མི་དང་། ཁོར་ཡུག་བཟང་པོ་བསྐྲུན་མཁན་ཡང་ཆགས་སྲིད་ཀྱི་རེད། དེ་ཚོ་གསལ་པོ་རྟོགས་རྒྱུ་གལ་ཆེན་པོ་རེད། གསུམ་པ་དེ། རྩོད་རྙོག་མང་ཆེ་བ་ཞི་མོལ་ཐོག་ནས་སེལ་ཐབས་བྱེད་སྐབས་ཁོར་ཡུག་དེ་གལ་ཆེན་པོ་རེད། ཕན་ཚུན་དམག་བརྒྱབ་ནས་གསོད་རེས་མང་པོ་བྱས་རྗེས། མཉམ་དུ་སྐད་ཆ་བཤད་སྐབས་གོ་བརྡ་འཕྲོད་རྒྱུ་དང་། ཕན་ཚུན་ཉན་རྒྱུ། ཆགས་འཇོག་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན་པས། གཉིས་ཀས་མོས་མཐུན་ཡོང་ཐབས་སུ་ཁོར་ཡུག་དེ་གནད་འགག་ཆགས་ཡོད་པ་རེད། རྒྱལ་སྤྱིའི་ཐོག་ནས་འགན་ག་རེ་ཁུར་ཐུབ་ས་རེད། ཁོར་ཡུག་བསྐྲུན་རྒྱུར་རྒྱལ་སྤྱིའི་ཐོག་ནས་ཚོགས་མི་དགོས་རེད།”ཅེས་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་དང་འབྲེལ་བ་ག་འདྲ་ཡོད་མེད་ལ་ལྟ་རྒྱུ་གལ་ཆེན་ཡིན་སྐོར་དང་། ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བའི་སྐོར་དང་། ཡུ་རོབ་དང་རྒྱ་ནག་བར་གྱི་འབྲེལ་བའི་སྐོར་སོགས་ངོ་སྤྲོད་གནང་སོང་།

ཡང་ཁོང་གིས་ཨ་རི་དང་ཡུ་རོབ་སོགས་ནས་བོད་རྒྱའི་བར་གྱི་ཞི་མོལ་ལ་དོ་སྣང་བྱས་སྐོར་དང་། དེའི་ཐོག་གསལ་བསྒྲགས་ཐེངས་མང་སྤེལ་སྐོར་ངོ་སྤྲོད་དང་། བོད་པར་རྒྱབ་སྐྱོར་བ་འཚོལ་སྟངས་དེ་རྒྱལ་སྤྱིའི་གྲོས་ཚོགས་ཁག་གི་ནང་གྲོས་ཆོད་བཞག་པ་དང་། བོད་རྒྱ་བར་དཀའ་རྙོག་སེལ་ཐབས་སུ་གསལ་བསྒྲགས་འདྲ་མིན་བྱེད་མཁན། དཔོན་རིགས་ཁག་རྒྱ་ནག་གི་དཔོན་རིགས་ཚོར་ཐུག་སྐབས། བོད་དོན་གླེང་སློང་བྱས་པ་སོགས་དང་། རྒྱ་ནག་ལ་གནོན་ཤུགས་སྤྲོད་མཁན་དང་། འབོད་སྐུལ་བྱེད་མཁན་སོགས་སྣ་ཚོགས་དགོས་སྐོར་འགྲེལ་བརྗོད་གནང་སོང་།

ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ཀྱིས་“བོད་དང་ཨ་ཧྥི་རི་ཀ་”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་གྱིས་“བོད་དང་བྱང་ཨ་རི་”ཞེས་པ་པ་དང། ལྷོ་ཨ་རིའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ཀྱིས་“བོད་དང་ལྷོ་ཨ་རི་”ཞེས་པ། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་གིས་“བོད་དང་ཐེ་ཝན་”ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།།