ཞིས་ཅིན་ཕིང་གིས་རང་གི་མི་ཚེ་ལྷག་མ་ནང་རྒྱ་ནག་གི་ལོ་རྒྱུས་ཁྲོད་བྱས་རྗེས་ཆེ་ཤོས་ཀྱི་སྲིད་འཛིན་དེ་ཆགས་ཐབས་སུ་བྲེལ་ཟིང་བྱེད་བཞིན་ཡོད་ཅེས་བརྗོད།

བདུན་ཕྲག་སྔོན་མར་རྒྱ་ནག་གིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་རྒྱ་ནག་དང་ཉི་ཧོང་གཉིས་བར་དམག་འཁྲུག་མཚམས་འཇོག་བྱས་ནས་མི་ལོ་༨༠ འཁོར་བའི་དུས་དྲན་ཞིག་འཚོགས་ཡོད་པ་དང་། སྐབས་དེ་དུས་རྒྱ་ནག་གིས་དམག་སྟོབས་གཤམ་སྟོན་རྒྱ་ཆེན་པོ་ཞིག་བྱས་པར་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་དོ་སྣང་ཆེན་པོ་བྱས་ཡོད་ལ། དེ་ནི་རྒྱ་ནག་གིས་དམག་ཤུགས་གཤམ་སྟོན་ཙམ་མ་ཡིན་པར། ཞིས་ཅིན་ཕིང་རང་གི་མི་ཚེ་ལྷག་མ་ནང་རྒྱ་ནག་གི་ལོ་རྒྱུས་ཁྲོད་སྲིད་འཛིན་བྱས་རྗེས་ཆེ་ཤོས་དེ་ཆགས་ཐབས་སུ་བྲེལ་ཟིང་བྱེད་བཞིན་ཡོད་པ་བརྗོད་འདུག

པར། ཨེ་ཤེ་ཡའི་དུས་བབ།

ཕྱི་ཚེས་༡༠ ཉིན་ཨོ་སི་ཊི་ལི་ཡའི་གྲོང་ཁྱེར་(Sydney)ནང་ཡོད་པའི་(UNSW)གཙུག་ལག་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་(Ian Langford)ཡིས་ཞིས་ཅིན་ཕིང་དང་འབྲེལ་བའི་སྐོར་ལ་རྩོམ་ཡིག་ཅིག་ཨེ་ཤེ་ཡའི་དུས་བབ་དྲ་ཚིགས་ཐོག་ཏུ་བཀོད་འདུག རྩོམ་ཡིག་དེ་ནང་ཉེ་ཆར་བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་རྒྱ་ནག་དང་ཉི་ཧོང་གཉིས་བར་དམག་འཁྲུག་མཚམས་འཇོག་བྱས་ནས་མི་ལོ་༨༠ འཁོར་བའི་དུས་དྲན་ཞིག་འཚོགས་ཡོད་པ་དང་། དུས་དྲན་དེ་ལ་ནུབ་ཕྱོགས་རྒྱལ་ཁབ་ཚོས་གླེང་སློང་ཆེན་པོ་བྱས་ཡོད་ཀྱང་། དེ་ནི་དུས་དྲན་ཙམ་མ་ཡིན་པར། ཞིས་ཅིན་ཕིང་རང་གི་མི་ཚེ་ལྷག་མ་ནང་རྒྱ་ནག་གི་ལོ་རྒྱུས་ཁྲོད་ཀྱི་སྲིད་འཛིན་བྱས་རྗེས་ཆེ་ཤོས་དེ་ཆགས་ཐབས་སུ་ད་ཆར་བྲེལ་ཟིང་ཆེན་པོ་བྱེད་བཞིན་ཡོད་པ་བརྗོད་འདུག རྒྱ་ནག་གི་ལོ་རྒྱུས་ཁྲོད་སྲིད་འཛིན་བྱས་རྗེས་ཆེ་ཤོས་ནི་མའོ་ཡིས་བཞག་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་མའོ་ལས་བྱས་རྗེས་ཆེ་བ་ཞིག་འགྱུར་དགོས་ན། ཐའེ་ཝན་རྒྱ་ནག་དང་མཉམ་དུ་ཟླ་སྒྲིལ་གཏོང་རྒྱུ་ནི་རང་ཉིད་བྱས་རྗེས་ངོས་འཛིན་བྱེད་ས་མཚོན་རྟགས་གལ་ཆེ་ཤོས་དེ་ཡིན་པས། ཞིས་ཅིན་ཕིང་གིས་ནུབ་ཕྱོགས་རྒྱལ་ཁབ་ཚོ་མིག་མདུན་དུ་རང་གི་ནུས་པ་དང་སྟོབས་ཤུགས་ངོམ་གྱི་ཡོད་པ་བརྗོད། སྲིད་འཛིན་ཟུར་པ་མའོ་ཡི་སྐབས་སུ་རྒྱ་ནག་གཅིག་གྱུར་བཟོས་ཡོད་ཀྱང་། དཔལ་འབྱོར་ཐད་ཧ་ཅང་གི་སྐྱོ་པོ་དང་། ཕྱི་འབྲེལ་ཐད་གྲོགས་མེད་ཁེར་རྐྱང་དུ་ལྷག་ཡོད་པ་བརྗོད།

ཞིས་ཅིན་ཕིང་གི་སྐབས་སུ་རྒྱ་ནག་དམར་ཤོག་གཞུང་གིས་ཐའེ་ཝན་གླིང་ཕྲན་དེ་བཙན་བཟུང་བྱས་ནས་གོ་མིན་ཏང་ཕམ་པ་གཏོང་རྒྱུ་དེ་ཡིན་པ་དང་། ད་ལྟ་ཁོས་དུས་རན་པ་ཞིག་ལ་སྒུག་བཞིན་ཡོད་ཀྱང་། ཁོས་སྒུག་བཞིན་པའི་དུས་དེ་ཧ་ཅང་ཉེན་ཁ་ཅན་ཞིག་ལ་འགྱུར་བཞིན་ཡོད། རྒྱུ་མཚན་ནི་རྒྱ་ནག་དམར་ཤོག་གཞུང་གི་དཔོན་རིགས་ཁྲོད་ཏང་ལ་བློ་དཀར་གཞུང་དྲང་ཡིན་མཁན་གྱི་འགོ་ཁྲིད་ཉུང་དུ་འགྱུར་བཞིན་ཡོད་ལ། ཞིས་ཅིན་ཕིང་གི་ཁ་གཏད་ཀྱི་འགོ་ཁྲིད་ཚོས་ཞིས་ཅིན་ཕིང་གི་ཞན་ཆ་ལ་བལྟས་ནས་ཁོའི་སྲིད་དབང་མགོ་རྟིང་སློག་པའི་སྐབས་དང་དུས་རན་པ་ཞིག་ལ་སྒུག་བཞིན་ཡོད།
ཞིས་ཅིན་ཕིང་གིས་འདས་པའི་དུས་ཡུན་ནང་ཁོ་རང་ཉིད་ཀྱི་ཉེ་འཁོར་ལ་ཡོད་པའི་དཔོན་རིགས་ཁྲོད་རང་ཉིད་ཀྱི་དབང་ཆ་ལ་ཉེན་ཁ་མཐོང་མཁན་ཚང་མ་མེད་པ་བཟོས་ཡོད་པ་དང་། དཔེར་ན། དམར་ཤོག་དཔོན་རིགས་ཀྱི་མི་རྒྱུད་ཡིན་ཞིང་། སྐབས་ཤིག་ལ་སྐད་གྲགས་ཆེན་པོ་ཡོད་པ་དང་མ་འོངས་མདུན་ལམ་ཆེན་པོ་ཡོད་པའི་(Bo Xilai)ལྟ་བུ་མཚོན་ན། ཞིས་ཅིན་ཕིང་རང་ཉིད་ཀྱི་མ་འོངས་པའི་མདུན་ལམ་ལ་ཉེན་ཁ་ཆེ་ཤོས་སུ་མཐོང་ནས་མེད་པ་བཟོས་པར་བརྗོད། དེ་རྗེས་དམར་ཤོག་དཔོན་རིགས་ཁྲོད་རང་ཉིད་ཀྱི་སྲིད་དབང་ལ་ཉེན་ཁ་མཐོང་མཁན་ཚང་མ་ལ་མིང་འདྲ་མིན་འོག་མེད་པ་བཟོས་ཏེ་མཐར་སྲིད་འཛིན་གྱི་དུས་ཡུན་གསུམ་པ་དབང་ཆ་འཛིན་བཞིན་ཡོད་པ་རེད་ཅེས་བརྗོད་འདུག
འདས་པའི་དུས་ཡུན་རིང་པོ་ནང་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ཏུ་གླིང་ཕྲན་ཕན་ཚུན་བར་འཕེན་ཐུབ་པའི་གོ་མཚོན་དང་། དམག་གྲུ་གཏོར་ཐུབ་པའི་མཚོན་ཆ་རིགས་མང་པོ་བཟོ་སྐྲུན་བྱས་ནས་ཨ་རིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཚོ་ལ་ཉེན་བརྡ་ཐེངས་མང་བཏང་ཡོད་ཀྱང་། ད་ཆར་ཨ་རིས་གོ་མཚོན་དེ་དག་བཟོ་སྐྲུན་འགོ་འཛུགས་ཟིན་པ་དང་། ཕྱི་ལོ་༢༠༢༤ དང་༢༠༢༥ ལོའི་ཨ་རིའི་གཞུང་གི་དངུལ་རྩིས་ཁྲོད་ཨ་རིའི་མཚོ་དམག་གིས་ཨ་སྒོར་ཐེར་འབུམ་༡༠.༦ གཞུང་ལ་བཀའ་འཁྲོལ་ཞུས་ནས་གོ་མཚོན་དེ་དག་མགྱོགས་པོ་བཟོ་རྒྱུ་ཡིན་པ་དང་། ཚོང་པ་སྒེར་པ་ཚོས་གོ་མཚོན་དང་དམག་གྲུ་བཟོ་རྒྱུ་མགྱོགས་སུ་གཏོང་བཞིན་ཡོད་པ་བརྗོད་འདུག ད་ལྟའི་ཆར་འཛམ་གླིང་ཐོག་དམག་གྲུ་བཟོ་མཁན་ཁྲོད་རྒྱ་ནག་ཨ་རི་ལས་ཀྱང་མགྱོགས་པ་ཡོད་ཀྱང་། ཨ་རིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཚོས་དམག་གྲུ་བཟོ་སྐྲུན་ཐད་མ་རྩ་ཆེན་པོ་བཙུགས་ནས་བཟོ་སྐྲུན་བྱེད་འགོ་བཙུགས་ཟིན་པས།  མི་རིང་བར་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་དང་ཨ་རི་གཉིས་བར་རྩོད་རྙོག་ཡོང་རྒྱུ་ཡིན་པ་བརྗོད་འདུག
ཨ་རིའི་སྲིད་འཛིན་ཊོམ་(Trump)གྱིས་ཨ་རིའི་མཚོ་དམག་གིས་གྲུ་གཟིངས་བཟོ་སྐྲུན་ཆེད་དུ་ལོ་རེ་ལ་ཨ་སྒོར་ཐེར་འབུམ་༤༧ བཀའ་འཁྲོལ་ཐོབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་དང་། དེ་བཞིན་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ཀྱང་དམག་གྲུ་བཟོ་སྐྲུན་ཆེད་དུ་གཞུང་ནས་མ་དངུལ་ཕོན་ཆེན་པོ་བཀའ་འཁྲོལ་ཞུས་ཡོད་པ་བརྗོད་འདུག་ལ། ཉེ་ཆར་ཨ་རིའི་གནད་ཡོད་མི་སྣ་འགའ་རྒྱལ་ཁབ་དེ་གཉིས་ལ་ལྟ་སྐོར་དུ་ཕྱིན་ནས་རྒྱལ་ཁབ་གསུམ་པོས་ཕན་ཚུན་བར་དམག་གྲུ་བཟོ་སྐྲུན་ཐད་རོགས་རམ་བྱེད་རྒྱུའི་གྲོས་མཐུན་ཡང་བཞག་ཡོད་འདུག 

རྒྱ་ནག་གི་མི་འབོར་རྒས་བཞིན་ཡོད་པས་ཞིས་ཅིན་ཕིང་བྲེལ་ཟིང་སྔར་ལས་ཆེ་བར་འགྱུར་བཞིན་པ། ཞིས་ཅིན་ཕིང་བྲེལ་བ་ཆེན་པོ་བྱེད་དགོས་དོན་གཅིག་ནི་ཕྱི་ལོ་༢༠༢༣ གཅིག་པོ་ནང་རྒྱ་ནག་གི་མི་འབོར་ས་ཡ་གཉིས་ཉུང་དུ་ཕྱིན་ཡོད་པ་དང་། དེ་བཞིན་བྱིས་པ་སྐྱེས་གྲངས་ས་ཡ་༩ མེད་པ་གྱུར་ནས་ཕྱི་ལོ་༢༠༡༧ དང་བསྡུར་ན་ཕྱེད་ཀ་ཏག་ཏག་མེད་པ་གྱུར་ཡོད་འདུག དེ་བཞིན་(The working-age)ལས་ཀ་བྱེད་ཐུབ་མཁན་གྱི་མི་འབོར་དེ། དེ་ལས་ཀྱང་ཉུང་དུ་འགྱུར་བཞིན་ཡོད་འདུག ལོ་༦༠ ཡན་ཆད་ཀྱི་མི་འབོར་དེ། ཕྱི་ལོ་༢༠༣༠ ནང་སླེབས་དུས་རྒྱ་ནག་གི་མི་འབོར་ཁྲོད་མི་གསུམ་ནས་གཅིག་རང་ལོ་༦༠ ཡན་ཆད་ཀྱི་མི་འབོར་འགྱུར་རྒྱུ་ཡིན་པས། རྒྱལ་ཁབ་ཅིག་ནང་མི་འབོར་ཉུང་དུ་ཕྱིན་ན་སྲིད་དཔལ་རིག་གསུམ་ལ་ཉམས་རྒུད་དུ་འགྲོ་རྒྱུ་ཡིན་པ་བརྟེན། ད་ལྟ་ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ནི་སྟོབས་འབྱོར་ལྡན་པ་ཞིག་ཡིན་པ་དང་། ཐའེ་ཝན་ཟླ་སྒྲིལ་གཏོང་རྒྱུ་ནི་སུས་ཀྱང་འགོག་ཐབས་མེད་པའི་རྒྱ་ནག་གི་མངོན་འདོད་ཡིན་པ་གསལ་བསྟན་བྱེད་པའི་ཆེད་དམག་སྟོབས་གཤམ་སྟོན་བྱས་ཡོད་ཚུལ་བརྗོད།
འོན་ཀྱང་། ཞིས་ཅིན་ཕིང་གིས་ཐའེ་ཝན་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་རྒྱུ་ཐད་དྲག་པོའི་དམག་གིས་བཙན་བཟུང་བྱས་ཚེ་དེ་ནི་ཧ་ཅང་གི་ཉེན་ཁ་ཆེན་པོ་རེད། གལ་སྲིད་བཅིངས་འགྲོལ་དམག་ཕམ་ཉེས་བྱུང་ན། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ངོ་ཚ་པོ་གྱུར་བ་དང་། རྒྱ་ནག་ནང་དུ་རྩོད་རྙོག་བྱུང་ནས་དམར་ཤོག་ཚོགས་པ་རྩ་མེད་འགྲོ་རྒྱུ་ཡིན་པས། དེ་ནི་ཧ་ཅང་ཉེན་ཁ་ཆེན་པོ་རེད། (Sun Tzu)ཡི་དམག་དོན་བསྟན་བཅོས་ནང་དམག་རྒྱག་མི་དགོས་པར་རྒྱལ་ཁ་ཐོབ་པ་དང་། དེ་ཡང་ངང་རྒྱུད་རིང་པོའི་ཐོག་ནས་རྒྱལ་ཁ་ཐོབ་པ་ནི་བཟང་ཤོས་སུ་བརྩིས་ཡོད་ཀྱང་། ཞིས་ཅིན་ཕིང་ལ་ད་ཆར་ངང་རྒྱུད་རིང་པོ་བྱེད་པའི་དུས་ཚོད་མེད་ཚུལ་བརྗོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།