ཞྭ་མོ་ནག་པོའི་གོམ་བགྲོད་ཅེས་པའི་ལས་འགུལ་དབུ་འཛུགས།

[བཞུགས་སྒར་དྷ་རམ་ས་ལ།] ཕྱི་ལོ་༢༠༢༦ ཟླ་༣ ཚེས་༣༡ ཉིན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དྷ་ས་ལྷ་རྒྱལ་རིར་ཞྭ་མོ་ནག་པོའི་གོམ་བགྲོད་ཅེས་ཉིན་གྲངས་༢༦ རིང་གི་ལས་འགུལ་དེ་དབུ་འཛུགས་གནང་སོང་། ཐེངས་འདིའི་ལས་འགུལ་ནང་རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་༢༠ ནས་མཉམ་ཞུགས་གནང་མཁན་༦༥ བྱུང་ཡོད་འདུག


ལས་འགུལ་གྱི་དགོས་འདུན་གཙོ་བོ་ཁག་ནི། རྒྱ་ནག་གིས་བཙན་འགེལ་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་མཚམས་འཇོག་དགོས་པ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་ཉེས་མེད་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྦག་བཙོག་དང་གཏོར་བརླག་གཏོང་མཚམས་འཇོག་དགོས་པ། རྒྱ་གར་དབུས་སའི་གཞུང་ནས་ད་བར་བོད་དང་བོད་མིར་མཐུན་འགྱུར་རྒྱབ་སྐྱོར་འགྱུར་མེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཡིན་འདུག
དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་དང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཉེ་ཆར་ཕྱི་ཟླ་༣ ཚེས་༡༢ ཉིན། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག” ཅེས་པ་གཏན་འབེབས་ཀྱིས་བོད་མི་རིགས་བཙན་སྒྱུར་གྱི་ཁྲིམས་ཡིག་ཅིག་བཙན་འགེལ་བྱས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཁ་གཏད་གདོང་ལེན་དང་ངོ་རྒོལ་སྐྱོན་བརྗོད་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་དང་། དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བཙན་འགེལ་བྱས་པའི་ལེའུ་བདུན་དང་དོན་ཚན་རེ་ལྔ་ཅན་གྱི་བཅའ་ཁྲིམས་དེ་ནི། དོན་དུ་མི་རིགས་བཙན་སྒྱུར་དང་། རིག་གཞུང་བསྲེས་ལྷད་གཏོང་ཐབས། མདོར་ན་རྒྱའི་བཙན་འོག་ན་དུས་ད་ལྟ་བར་གནས་པའི་རྒྱལ་ཁབ་དང་མི་རིགས་ཁག་གི་བསམ་བློའི་རང་དབང་དང༌། སྨྲ་བརྗོད་རང་དབང༌། འགྲོ་འདུག་གི་རང་དབང༌། ཆོས་དད་རང་དབང༌། སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་རང་དབང་། ཁོར་ཡུག་སྲུང་སྐྱོབ་ཀྱི་རང་དབང་། ཡུལ་སྲོལ་གོམས་གཤིས། ཡ་རབས་བཟང་སྤྱོད། བསམ་བློའི་འདུ་ཤེས་སོགས་ལ་རྩིས་མེད་རྡོག་རོལ་དང་སྡུག་རྩུབ་གཉའ་མནོན་གཏོང་བའི་ཚད་ལྡན་མ་ཡིན་པའི་ཁྲིམས་འགལ་གྱི་བཅའ་ཁྲིམས་ཤིག་རེད་ཅེས་དང་།
དམིགས་བསལ་བཅའ་ཁྲིམས་དེའི་དོན་ཚན་རེ་བཞི་པར་ “ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་དང་ཆུས་བཙུགས་པའི་གྲོང་ཁྱེར། རང་སྐྱོང་ཁུལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་ རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་ཆོག” ཅེས་པ་འདིས་དོན་དུ་མི་རིགས་བཙན་སྒྱུར་གྱི་ཁྲིམས་ཡིག་འདིའི་འོག་མ་ཕྱིན་ན། ཡུལ་ལུང་སོ་སོར་གནས་དུས་ཚོད་རྩིས་ཀྱིས་འབྲེལ་ཡོད་འགོ་པ་ཚོར་བཙན་འགེལ་བྱས་ཟིན་པའི་ཁྲིམས་སྲོལ་དེ་ལས་ཀྱང་དམ་དྲག་སྐུལ་འདེད་དང་བཙན་གནོན་ཆེ་བ་ བཟོས་ཆོག་པའི་མཆོག་མཆན་སྤྲད་ཡོད། དེ་ནི་ཧ་ཅང་ཀུན་སློང་ངན་པ་དང་གདུག་རྩུབ་ཆེ་བའི་བྱ་སྤྱོད་ཅིག་རེད་ཅེས་དང་།
གཞན་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་རང་དབང་རང་བཙན་མ་ཐོབ་ཀྱི་བར་དེ་སྲིད་དུ་དགྲ་བོ་རྒྱ་དམར་སྲིད་གཞུང་གི་བྱ་ངན་སྤྱོད་ངན་དེ་རིགས་འཛམ་གླིང་རྒྱལ་སྤྱིའི་ཐོག་ཐེར་འདོན་བྱེད་རྒྱུ་མ་ཟད། ནམ་ཡང་ཁ་གཏད་གདོང་ལེན་གྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྔར་ལྷག་ནུས་ཤུགས་ལྡན་པ་དང་གཞི་རྒྱ་ཆེ་བ་མུ་མཐུད་སྤེལ་ངེས་ཡིན་པ་ནན་བརྗོད་བྱ་རྒྱུ་ཡིན་སོགས་བཀོད་འདུག
འདི་ག་གསར་འགོད་པས་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཁག་ཅིག་ལ་བཅར་འདྲི་ཞུས་པར། མཉམ་ཞུགས་པ་ཁག་ཅིག་གིས་མི་རབས་གསར་པ་དང་རང་ཉིད་ཀྱི་བུ་ཕྲུག་རྣམས་ལ་མིག་དཔེ་སྟོན་ཆེད་དང་ལྷག་པར་དུ་བོད་ནང་གི་གནས་སྟངས་དེ་ཛ་དྲག་ཅིག་ཏུ་གྱུར་ཡོད་པས་ལས་འགུལ་མ་སྤེལ་ན་ཡོང་ཐབས་མི་འདུག་བསམ་ནས་མཉམ་ཞུགས་བྱས་ཡིན་ཞེས་དང་། ཡང་འགའ་རེས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་ཀ་ཆུང་ཆུང་ཞིག་བྱེད་པའི་གོ་སྐབས་རག་སོང་བསམས་ནས་མཉམ་ཞུགས་བྱས་པ་ཡིན་ཞེས་དང་། དེ་རིང་གི་ལས་འགུལ་ནང་གཞོན་སྐྱེས་མཉམ་ཞུགས་བྱེད་མཁན་ཧ་ཅང་ཉུང་བས་བློ་ཕམ་བྱུང་སོང་ཞེས་བརྗོད་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།