ཟླ་བ་བཅོ་བརྒྱད་ཀྱི་རྗེས་སུ་རྒྱ་ནག་གིས་རྒྱ་གར་དུ་གཞུང་ཚབ་གསར་པ་ཞིག་བསྐོས།
ཟླ་འདིའི་ཚེས་༨ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་བ་བཅོ་བརྒྱད་རིང་བར་མཚམས་བཞག་པའི་རྗེས། རྒྱ་གཞུང་གིས་ཞུས་ཧྥེ་ཧུང་ཟེར་བའི་མཐོ་རིམ་དཔོན་པོ་ཞིག་རྒྱ་གར་དུ་བཅའ་སྡོད་གཞུང་ཚབ་གསར་པར་བསྐོ་གཞག་བྱས་ཡོད་འདུག

ལ་དྭགས་ཕྱོགས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་བ་དང་། ཕྱོགས་གཉིས་ཀྱི་བར་འབྲེལ་ལམ་སྡུག་ཏུ་ཕྱིན་ཏེ་འདས་པའི་ཟླ་བ་བཅོ་བརྒྱད་ཀྱི་རིང་རྒྱ་གར་དུ་རྒྱ་ནག་གི་གཞུང་ཚབ་པ་མེད་པ་ལྷག་ཡོད་འདུག ཟླ་འདིའི་ཚེས་༨ ་ཉིན་རྒྱ་ནག་གཞུང་གིས་གཞུང་འབྲེལ་གསལ་བསྒྲགས་སྤེལ་མེད་ཀྱང་། ཕྱི་སྲིད་བློན་ཆེན་གྱིས་རྒྱ་གར་གྱི་གསར་ཁང་PTI ཞེས་པ་ལ་བརྗོད་གསལ་ལྟར་ན། ཞུས་ཧྥེ་ཧུང་ཟེར་བའི་ཆེས་མཐོའི་འགོ་ཁྲིད་ཅིག་རྒྱ་གར་དུ་བཅའ་སྡོད་གཞུང་ཚབ་གསར་པར་བསྐོ་གཞག་བྱས་ཡོད་འདུག
ཞུས་ཧྥེ་ཧུང་ནི་ལོ་༦༠ ཡིན་པ་དང་རྒྱ་ནག་གི་ཕྱི་འབྲེལ་དཔོན་གྱི་འགན་ཁུར་ནས་ལོ་ངོ་༣༧ སོང་བའི་རིང་། ཁོས་ཕྱི་ལོ་༢༠༡༠ ནས་༢༠༡༣ བར་ཨབ་གྷ་ནེ་སི་ཐན་དུ་བཅའ་སྡོད་གཞུང་ཚབ་པ་བྱས་ཡོད་པ་མ་ཟད། ཕྱི་ལོ་༢༠༡༥ ནས་༢༠༡༨ བར་རོ་མ་ནེ་ཡའི་ནང་གཞུང་ཚབ་ཀྱི་ལས་ཀ་བྱེད་མྱོང་ཡོད་འདུག རྒྱ་ནག་གི་གཞུང་ཚབ་པ་བསྐོ་གཞག་བྱས་པའི་དུས་ཚོད་ནི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོ་འགྲོ་བཞིན་པའི་དུས་དང་ཁེལ་ཡོད་པ་དང་ཕྱོགས་གཉིས་བར་དམག་དོན་གྱི་འགལ་ཟླའི་གནས་སྟངས་དེ་སེལ་ཐབས་སུ་གྲོས་མོལ་ཡུན་རིང་བྱས་རྗེས་སུ་བྱུང་བ་ཞིག་ཀྱང་ཆགས་ཡོད་འདུག
ཟླ་བ་བཅོ་བརྒྱད་རིང་བར་མཚམས་རྗེས་སུ་རྒྱ་ནག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་གཞུང་ཚབ་གསར་པ་བསྐོས་ཟིན་ཡང་། ཕྱི་ལོ་༢༠༢༠ ལོར་ལ་དྭགས་སུ་ས་མཚམས་དམག་མིའི་བར་གདོང་ཐུག་བྱུང་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པར་བརྟེན། གཞུང་ཚབ་གསར་པས་ཕྱོགས་གཉིས་ཀྱི་བར་དམག་དོན་དང་ཕྱི་འབྲེལ་གྱི་ཐོག་གྲོས་མོལ་བྱས་ནས་ཞི་འཇགས་ཡོང་ཐབས་བྱེད་རྒྱུའི་ལས་དོན་གལ་ཆེན་ཞིག་གཞུང་ཚབ་གསར་པའི་མདུན་དུ་ལྷག་ཡོད་འདུག འཕགས་བོད་ས་མཚམས་ཀྱི་ས་ཁུལ་ཁ་ཤས་ནས་ཕྱོགས་གཉིས་ཀྱི་དམག་མི་ཕྱིར་འཐེན་བྱས་ནས་གྲུབ་འབྲས་ཐོན་ཡོད་ཀྱང་། ད་དུང་ཡང་(Depsang) ་དང་ (Demchok) ་ཞེས་པའི་ས་ཁུལ་ཁག་གི་དཀའ་ངལ་མུ་མཐུད་སེལ་རྒྱུ་ལྷག་ཡོད་འདུག
ཕྱི་ལོ་༢༠༢༠ ནས་བཟུང་རྒྱ་དཀར་ནག་གཉིས་ཀྱི་བར་དམག་དོན་རིམ་པའི་གྲོས་མོལ་ཐེངས་༢༠ ཙམ་དང་ཕྱི་འབྲེལ་གྱི་གྲོས་མོལ་ཐེངས་༡༣ ཙམ་གནང་ཡོད་འདུག རྒྱ་གར་གྱིས་རྒྱ་དམག་རྣམས་(Depsang)་དང་ (Demchok) ་ཀྱི་ས་ཁུལ་ནས་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲད་དེ། མཐའ་མཚམས་ཀྱི་གནས་སྟངས་རྒྱུན་ལྡན་མིན་པ་དེ་སྲིད་རྒྱ་ནག་དང་འབྲེལ་ལམ་རྒྱུན་ལྡན་བཞིན་སླར་གསོ་བྱེད་ཐབས་མེད་ཅེས་བརྗོད།
གསར་འགོད་པ། བློ་བཟང་རྒྱ་མཚོ།
