འཁྲིག་སྤྱོད་སྐོར་གྱི་བརྩམས་སྒྲུང་འབྲི་མཁན་ཞིག་ལ་ལོ་བཅུའི་ཁྲིམས་ཆད།
རྒྱ་ནག་ནས་ཉེ་ཆར་འཁྲིག་སྤྱོད་སྐོར་གྱི་བརྩམས་སྒྲུང་འབྲི་མཁན་ཞིག་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་། དེ་སྔོན་ལས་བྱེད་ཟུར་པ་ཞིག་གིས་ལོ་ངོ་༤ ལས་མ་སོན་པའི་བུ་མོ་ཆུང་ཆུང་ཞིག་བཙན་གཡེམ་བྱས་པར་ལོ་༨ གཅིག་པུའི་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡༩ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཝུ་ཧུའུ་མི་མང་ཁྲིམས་ཁང་ཟེར་བས་རྒྱ་ནག་ཨེན་ཧུའུ་ཞིང་ཆེན་ནས་ཆགས་སྤྱོད་ཀྱི་བརྩམས་སྒྲུང་འབྲི་མཁན་བུད་མེད་ཅིག་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་འདུག་པ་དང་། དེའི་རྒྱུ་མཚན་ནི་བརྩམས་སྒྲུང་‘བཙན་འཛུལ་’ཞེས་པའི་ནང་དུ་སྐྱེས་པ་མཚན་མཐུན་འཁྲིག་སྤྱོད་ཀྱི་སྐོར་འཁོད་ཡོད་སྟབས་ཡིན་འདུག རྩོམ་པ་པོར་བཙོན་འཇུག་དུས་ཡུན་ཧ་ཅང་རིང་པོའི་ཁྲིམས་གཅོད་བྱས་ཡོད་སྟབས། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ནས་མང་ཚོགས་ཀྱིས་ཐག་གཅོད་དེར་ངོ་རྒོལ་བྱེད་བཞིན་ཡོད་འདུག
བརྩམས་སྒྲུང་འབྲི་མཁན་བུད་མེད་རྩོམ་པ་པོ་དེའི་མིང་ལ་ལིའུ་ཟེར་བ་དང་། མོས་བྲིས་པའི་བརྩམས་སྒྲུང་བཙན་འཛུལ་གྱི་ནང་དུ་སྐྱེས་པ་མཚན་མཐུན་འཁྲིག་སྤྱོད་ཀྱི་གོམས་གཤིས་སོགས་ཀྱི་སྐོར་འཁོད་ཡོད་འདུག་པ་དང་། ཁྲིམས་ཁང་གིས་ཐག་གཅོད་བྱེད་སྐབས་ཁེ་བཟང་གི་ཆེད་དུ་“སྐྱུག་བྲོ་བའི་དངོས་པོ་”བཙོང་པ་རེད་ཅེས་ཉེས་འཛུགས་བྱས་ཡོད་འདུག
དོན་དངོས་སུ་བུད་མེད་རྩོམ་པ་པོ་དེ་ཟླ་སྔོན་མའི་ནང་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག་ཀྱང་། འཛིན་བཟུང་བྱས་ཡོད་སྐོར་ཙམ་ལས་གཞན་ཞིབ་ཕྲའི་གནས་ཚུལ་བདུན་ཕྲག་འདིའི་ནང་བར་ཤེས་རྟོགས་ཐུབ་མེད་འདུག་པ་དང་། ཆགས་སྤྱོད་དང་འབྲེལ་བའི་གློག་བརྙན་དང་། རྩོམ་ཡིག པར་རིས་བཅས་རྒྱ་ནག་གི་ཁྲིམས་ཐོག་ནས་བཀག་པ་ཞིག་ཡིན་འདུག
མོས་བྲིས་པའི་བརྩམས་སྒྲུང་བཙན་འཛུལ་དེབ་གྲངས་༧,༠༠༠ དང་། གཞན་ཆགས་སྤྱོད་དང་འབྲེལ་བའི་སྐོར་གྱི་བརྩམས་སྒྲུང་ཁག་ཅིག་བཙོངས་ནས་རྒྱ་སྒོར་༡༥༠,༠༠༠ ཁེ་བཟང་རག་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་ནས་སྤེལ་ཡོད་འདུག འོན་ཀྱང་། སྤྱི་ཚོགས་དྲ་ལམ་ཁག་ནས་མང་ཚོགས་ཀྱིས་ཁྲིམས་ཆད་དེ་ཤིན་ཏུ་ནས་ལྕི་དྲགས་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག
དེ་སྔོན་ཕྱི་ལོ་༢༠༡༣ ལོར་རྒྱ་ནག་གི་ལས་བྱེད་ཟུར་པ་ཞིག་གིས་ལོ་ངོ་༤ ལས་མ་སོན་པའི་བུ་མོ་ཆུང་ཆུང་ཞིག་ལ་བཙན་གཡེམ་བྱས་ཡོད་ཀྱང་། དེ་ལ་ལོ་༨ གཅིག་པུའི་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་འདུག་པ་དང་། རྒྱ་ནག་གི་སྤྱི་ཚོགས་དྲ་བ་ཝི་བྷོ་བཀོལ་སྤྱོད་བྱེད་མཁན་ཞིག་གིས་“བཙན་གཡེམ་བྱེད་མཁན་དེ་ལ་ལོ་༡༠ ལས་ཉུང་བའི་ཁྲིམས་ཆད་བཅད་ཀྱང་། རྩོམ་པ་པོ་འདི་ལ་ལོ་༡༠ ཡི་ཁྲིམས་ཆད་བཏང་བ་རེད་”ཅེས་སྤེལ་ནས། ཐག་གཅོད་དེ་དྲང་པོ་མིན་པའི་སྐྱོན་བརྗོད་བྱས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།