འགྲེམ་སྟོན་བརྒྱུད་ནས་བོད་དོན་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་ཞིག་འགོ་བཙུགས་སོང་།

ཟླ་འདིའི་ཚེས་༢༠ ཉིན་བོད་ཀྱི་འགྲེམ་སྟོན་ཁང་གི་གོ་སྒྲིག་འོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་དོན་ཞུ་གཏུག་ཅེས་པའི་བརྗོད་གཞིའི་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་འགྲེམ་སྟོན་འགོ་འཛུགས་གནང་སོང་།

དེ་རིང་འགྲེམ་སྟོན་གོ་སྒྲིག་པ་ལ་ཐད་ཀར་བཅར་འདྲི་ཞུ་རྒྱུ་ལས་ནམ་རྒྱུན་བཞིན་དམིགས་བསལ་གྱི་མཛད་སྒོ་དང་སྐུ་མགྲོན་གྱི་གཏམ་བཤད་སོགས་མི་འདུག སྐབས་དེར་བོད་ཀྱི་འགྲེམ་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལ་ཐེངས་འདིིའི་འགྲེམ་སྟོན་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་སོགས་དང་འབྲེལ་བཅར་འདྲི་ཞུས་པའི་ལན་དུ། ཁོང་གིས་༧གོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས། བཞུགས་སྒར་དུ་ཡུལ་སྐོར་སྤྲོ་འཆམ་པ་དང་དད་ལྡན་ཆོས་ཞུ་བ་མང་པོ་ཞིག་ཕེབས་ཀྱི་ཡོད་པའི་དབང་གིས། ཁོང་ཚོ་ལ་བོད་དོན་གོ་རྟོགས་སྤེལ་ཆེད་དང་། དེ་སྔ་བོད་ཀྱི་འགྲེམ་སྟོན་ཁང་དེ་ཉིད་གཙུག་ལག་ཁང་གི་ཉེ་འགྲམ་ལ་ཡོད་དུས་ལོ་གཅིག་ལ་མི་གྲངས་ཁྲི་བརྒྱད་ལྷག་ཡོང་གི་ཡོད་ཀྱང་། ད་ལྟ་ཆར་ས་བབ་ཀྱི་དབང་གིས་བོད་ཀྱི་འགྲེམ་སྟོན་ཁང་དུ་ལོ་གཅིག་ལ་མི་གྲངས་ཁྲི་གསུམ་ལྷག་མ་གཏོགས་ཡོང་གི་མེད་པས་གཙུག་ལག་ཁང་དུ་སྐོར་བསྐྱོད་འགྲེམ་སྟོན་བརྒྱུད་ནས་མི་མང་ལ་བོད་དོན་གོ་རྟོགས་ཀྱི་ལས་འགུལ་དེ་སྤེལ་བ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་སོང་།

གཞན་ཡང་ཐེངས་འདིའི་འགྲེམ་སྟོན་གྱི་བརྗོད་གཞི་དང་འབྲེལ་བའི་ཐོག ཁོང་གིས་ཐེངས་འདིའི་འགྲེམ་སྟོན་་ཉིན་གྲངས་བདུན་རིང་བྱེད་འཆར་ཡོད་པ་དང་། ཐོག་མའི་ཉིན་གཉིས་ཀྱི་རིང་གཙོ་བོ་རྒྱ་གར་བ་ཚོ་ལ་དམིགས་ནས་འཕགས་བོད་ཀྱི་འབྲེལ་ལམ་ཞེས། འཕགས་བོད་གཉིས་ཀྱི་བར་ཆོས་དང་རིག་གཞུང་སོགས་ཀྱི་འབྲེལ་བ་ཡོད་པ་དག་པར་རིས་ཀྱི་ལམ་ནས་འགྲེམ་སྟོན་བྱེད་རྒྱུ་དང་། དེ་ནས་ཕ་ཡུལ་ཕྱོགས་སུ་རྒྱང་ལྟ་ཞེས། ལོ་ངོ་ཉིས་སྟོང་ལྷག་གི་བོད་ཀྱི་ལོ་རྒྱུས་དག་པར་རིས་བརྒྱུད་ནས་འགྲེམ་སྟོན་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།

གཞན་ཡང་མ་འོངས་པའི་འགྲེམ་སྟོན་བྱེད་ཕྱོགས་དང་འབྲེལ་བའི་ཐོག ཁོང་གིས་ཐེངས་འདིའི་འགྲེམ་སྟོན་དེ་ལེགས་པོ་ཞིག་བྱུང་ན། མ་འོངས་པར་བོད་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་ཐོག་པར་དང་དངོས་བྱུང་གློག་བརྙན་སོགས་བཏོན་ནས་འགྲེམ་སྟོན་བྱ་རྒྱུ་ཡིན་ཞེས་དང་། ལྷག་པར་དུ་ཕྱི་ཟླ་བཅུ་གཉིས་ནང་། ༧གོང་ས་མཆོག་གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་ཉིན་དང་སྟབས་བསྟུན། ༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་སྐོར་བསྐྱོད་འགྲེམ་སྟོན་ཞིག་བྱེད་འཆར་ཡོད་ཅེས་གསུངས་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།