འཇམ་དབྱངས་ནོར་བུས་སྲིད་སྐྱོང་ལས་ཐོག་དང་སྲིད་སྐྱོང་འོས་མི་ཚོས་ཆབ་སྲིད་ཀྱི་ཐོག་ལ་ལས་དོན་གང་ཡང་སྒྲུབ་ཀྱི་མེད་པའི་སྐྱོན་བརྗོད་བྱས་འདུག
རྩོམ་པ་པོ་འཇམ་དབྱངས་ནོར་བུས་སྲིད་སྐྱོང་བློ་བཟང་སེང་གེས་དྷ་སར་ཁང་པ་གསར་རྒྱག་དང་། ལྡི་ལིའི་མཐོ་སློབ་ཀྱི་སློབ་མའི་འགྲོ་གྲོན་སྤར་བ་“ཞེ་དྲག་ཡག་པོ་”ཡིན་ན་ཡང་། “རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་ཐོག་ལ། ང་རང་གིས་ཉམས་ཞིབ་ག་ཚོད་བྱས་ནའང་ག་གེ་མི་འདུག་”ཅེས་གསུངས་པ་མ་ཟད། བོད་ནང་དུ་“རིག་གནས་གསར་བརྗེ་གཉིས་པ་”སླེབ་བཞིན་པའི་གནས་སྟངས་ཅི་འདྲའི་ཛ་དྲག་ཡིན་ན་ཡང་། ༢༠༢༡ ལོའི་སྲིད་སྐྱོང་འོས་མི་ཚོའི་ཁྲོད་དུ་“དབུ་མའི་ལམ་ག་འདྲ་བྱས་ནས་ཉམས་ལེན་བྱེད་རྒྱུ་ཡིན་པ་”དང་། “བཙན་བྱོལ་ནང་ལ་ཡོད་པའི་སློབ་གྲྭ་ཡག་ཏུ་གཏོང་རྒྱུ་དང་། མི་མང་གི་འཚོ་བ་ཡར་རྒྱས་གཏོང་རྒྱུ་”ཙམ་ལས། བོད་དུ་དཀའ་སྡུག་མྱོང་བཞིན་པའི་མི་“དེ་ཚོའི་བདེ་བ་དང་། དེ་ཚོ་སྲུང་སྐྱོབ། དེ་ཚོའི་ཐོབ་ཐང་། དེ་ཚོའི་རང་དབང་ཐོག་ལ་”སྐད་ཆ་ཤོད་མཁན་དང་བསམ་བློ་གཏོང་མཁན་མེད་པ་དེ་“པེ་སྐྱོ་བོ་རེད་”ཅེས་བརྗོད་འདུག
ཕྱི་ཟླ་༡༡ པའི་ཚེས་༡༡ ཉིན་ཡོའུ་ཊོབ་ཏུ་བཞག་པའི་བརྙན་ཐུང་སྐར་མ་༡༦ ཅན་དེའི་ནང་། རང་བཙན་འཐབ་རྩོད་པ་ཁོང་གིས་བར་སྐབས་ཤིག་ལ་ཁོང་རང་ཉིད་སྲིད་སྐྱོང་འོས་བསྡུ་དང་བོད་ཀྱི་ཆབ་སྲིད་ལ་ཉོབ་ནས་བསྡད་ཡོད་པ་དང་། དེའི་རྒྱུ་མཚན་ནི་སྲིད་སྐྱོང་འོས་བསྡུ་སྔ་མའི་ནང་དུ་དྷ་སའི་གཞུང་ནས་རང་བཙན་འཐབ་རྩོད་བྱེད་མཁན་གྱི་འོས་མི་ཀླུ་མཁར་བྱམས་ལྟ་བུ་“གང་ཐུབ་ཐུབ་ཀྱིས་འཕུད་རྒྱུ་”དང་། “རང་བཙན་གྱི་ལྟ་བ་འཁྱེར་མཁན་རྣམས་དེའི་ནང་ཇུས་གཏོགས་མེད་པའི་བཟོ་འདྲ་བོ་”དང་། “དབུ་མའི་ལམ་ཁོ་རང་ཚོ་རང་མགོ་རང་ཟིན་བཟོ་རྒྱུ་འདྲ་བོ་ཞིག་”ཏུ་མཐོང་བས་ཡིན་སྐོར་བརྗོད་འདུག
རྩོམ་པ་པོ་ཁོང་གིས་དྷ་ས་ནས་སྔོན་ཆད་རང་བཙན་གྱི་རྣམ་པ་མེད་པ་བཟོ་ཐབས་བྱས་པའི་ཐོག ཉེ་ཆར་“རང་བཙན་གཅིག་པུ་མ་ཡིན་པར་རྒྱལ་ཁབ་གཅིག་གི་རྣམ་པ་བསྟན་ན་ཡང་འགྲིག་གི་མེད་པ་འདྲ། ང་རང་གིས་ཧ་གོ་བ་བྱས་ན། འོས་བསྡུ་ལས་ཁང་ནས་མི་ཚོས་ video དང་པར་འདྲ་བོ་ག་རེ་བཟོས་པ་ཡིན་ན་ཡང་དེའི་ནང་ལ་བོད་ཀྱི་རྒྱལ་དར་སྟོན་ན་འགྲིག་གི་མེད་ཟེར་ནས་བཀའ་གནང་འདུག རྒྱལ་དར་བསྟན་ན་འགྲིག་གི་མེད་ན་དཔེ་སྲིད་དོན་མེད། ཨ་མི་རི་ཀའི་འོས་བསྡུའི་ནང་རྒྱལ་དར་མང་དྲགས་ནས་འོས་ནང་ལང་མཁན་རྣམས་ཟུར་དུ་མ་གཏོགས་སླེབ་ཀྱི་མི་འདུག ང་ཚོ་བོད་པའི་ནང་ལ་རྒྱལ་དར་བཀྲམ་ཆོག་གི་མེད་གསུང་པ་དེ་རྒྱུ་མཚན་གཅིག་མ་གཏོགས་འགྲོ་ཡི་མེད་འགྲོ་བསམ་གྱི་འདུག དེ་ག་རེ་རེད་ཟེར་ན། ང་ཚོ་རྒྱལ་ཁབ་ཀྱི་འོས་འདེམས་མིན་པ་ཞིག་སྟོན་གནང་རྒྱུ་ཞིག རྒྱ་མི་ཚོ་ལ་སྤྲེལ་ལད་ཅིག་འཁྲབ་གནང་རྒྱུ་ཡིན་ནམ། རྒྱ་མི་ལ་མཁས་པོ་འདྲ་ཞིག་གནང་བ་ཡིན་ནམ། ‘འདི་རྒྱལ་ཁབ་ཅིག་གི་འོས་འདེམས་མིན། འདི་ང་རང་ཚོ་བཙན་བྱོལ་གྱི་བདེ་དོན་ཚོགས་པའི་བཟོ་འདྲ་ཞིག་གི་འགོ་ཁྲིད་འདེམས་རྒྱུའི་འོས་འདེམས་ཡིན་’ཟེར་བ་འདྲ་བོ་ཞིག་ཡིན་ནམ། ད་གང་ཤེས། ངས་ཧ་གོ་ཡི་མི་འདུག་”ཅེས་སྐྱོན་བརྗོད་བྱས་འདུག
“བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་འདེམས་ཀྱི་སྐོར་ལ་བསམ་གཞིགས་བྱེད་པ་”ཞེས་པའི་ཁ་བྱང་ཅན་གྱི་བརྙན་ཐུང་གསར་པ་དེའི་ནང་། ཁོང་གིས་ད་དུང་སྲིད་སྐྱོང་འོས་མི་འགའ་ཤས་ཀྱི་མིང་ནས་བཏོན་ཏེ་དེ་དག་གི་འབོད་ཚིག་ལ་དོན་སྙིང་བྲལ་བའི་སྐྱོན་བརྗོད་བྱས་པའི་རྗེས། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེས་དྷ་སར་ཁང་པ་གསར་རྒྱག་དང་། ལྡི་ལིའི་མཐོ་སློབ་ཀྱི་སློབ་མའི་འགྲོ་གྲོན་སྤར་བ་ཞེ་དྲག་ཡག་པོ་ཡིན་ན་ཡང་། “རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་ཐོག་ལ་ང་རང་གིས་ཉམས་ཞིབ་ག་ཚོད་བྱས་ནའང་ག་གེ་མི་འདུག་”ཅེས་བརྗོད་འདུག།
དེ་བཞིན་བོད་ནང་ལོགས་ཀྱི་གནས་སྟངས་ཅི་འདྲའི་ཛ་དྲག་པོ་དང་། རྒྱལ་སྤྱིའི་ཆབ་སྲིད་ལ་འགྱུར་བ་ག་ཚོད་ཕྱིན་ཡོད་ན་ཡང་། སྲིད་སྐྱོང་ལས་ཐོག་དང་སྲིད་སྐྱོང་འོས་མི་ཚོས་དྷ་སའི་བདེ་སྡུག་ཙམ་ལས་སྐབས་དུས་འཚམས་པའི་ཆབ་སྲིད་དང་སྲིད་བྱུས་ཤིག་བཟོ་ཐུབ་ཀྱི་མེད་པའི་སྐོར་ལ། རྩོམ་པ་པོ་ཁོང་གིས་སེམས་ཚོར་དྲག་པོས་གསུངས་དོན། “དེའི་ནང་ནས་དེང་སང་བོད་ནང་ལ། རྣམ་པ་ཚོས་མང་པོ་གསན་ཡོད་རེད། ཛ་དྲག་པོ་ཞེ་དྲག་ཆགས་ཡོད་པ་འདྲ། ང་ལ་ལྷ་ས་དེ་བ་ནས་ལན་འདྲ་བོ་ཁ་ཤས་རེ་འབྱོར་དུས། རིག་གནས་གསར་བརྗེ་གཉིས་པ་གཏོང་གི་འདུག་ཟེར—མི་མང་པོས་ཟེར་གྱི་འདུག གུང་ཁྲན་ཏང་གི་ལས་བྱེད་པ་མང་པོ་བཀག་ཚར་འདུག་ཟེར་གྱི་འདུག ཛ་དྲག་པོ་དེ་འདྲ་ཞིག་ཆགས་འདུག་ཟེར། དེའི་ཐོག་ལ་དྷ་རམ་ས་ལ་ནས་སྐད་ཆ་ཚིག་གཅིག་དོན་གྱི་མི་འདུག
“དོན་དག་གཞན་དག་ག་རེ་ཡོད་རེད་ཟེར་ན། ན་ནིང་དང་ད་ལོའི་བར་དུ་འཛམ་བུ་གླིང་ལ་འགྱུར་བ་ཞིག་ཕྱིན་ཡོད་རེད—ཤུགས་ཆེན་པོ་ཞེ་དྲག་རེད། ན་ཚ་དེའི་རྐྱེན་གྱིས་འཛམ་བུ་གླིང་གིས་རྒྱ་ནག་ཐོག་ལ་རྣམ་རྟོག་ཆེན་པོ་ཞིག་ལངས་ཚར་ཡོད་པ་རེད་བ། ཨ་མི་རི་ཀའི་ནང་ལ་ཊོམ་གྱི་ཐོག་ནས་རྒྱ་ནག་ཚོང་གི་ཐོག་ནས་དེ་འདྲ་ཁ་གཏད་བཅག་ཡོད་རེད། བྷ་ཌན་དང་ Democratic Party (མང་གཙོ་ཚོགས་པ།)དེ་ཚོའི་གྲས་ཀྱི་སུ་གཅིག་གིས་རྒྱ་ནག་ཐོག་ལ་འཆམ་པོ་བྱེད་རྒྱུ་དང་། བཀྲ་ཤིས་བདེ་ལེགས་སྔོན་མ་ནང་བཞིན་ཡོང་བའི་ལམ་ཁ་ཁོ་རང་མི་འདུག་ག། རྒྱ་གར་ལ་ལོས་ཡིན། དེ་ནས་ཧོང་ཀོང་གི་གནས་ཚུལ་དེ་འདྲའི་ཛ་དྲག་པོ་ཞིག་ཡོད་རེད། ཐའེ་ཝན་ཐོག་ལ་གནས་ཚུལ་ཛ་དྲག་པོ་རེད། ཉི་ཧོང་རྒྱ་ནག་གི་དགྲ་རང་ལ་ཐོན་མེད་ན་ཡང་དངོས་གནས་ཁ་གཏད་རང་འདོན་རྒྱུའི་ལམ་ཁ་ཞིག་སླེབ་དུས། ད་ང་ཚོ་ལ་གལ་ཆེ་ཤོས་དེ་ཁང་པ་རྒྱག་རྒྱུ་དེ་འདྲ་མ་རེད་བ། རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་ཐོག་ནས་འགྱུར་བ་གཏོང་རྒྱུ་མང་པོ་ཞིག་ཡོད་རེད། དེའི་ནང་ནས་རང་བཙན་ཐོག་ལ་ཕྱག་ལས་གནང་གི་མེད་ན་ཡང་། བོད་ནང་ལ་མི་དེ་ཚོས་སྡུག་པོ་ག་ཚོད་མྱོང་གི་ཡོད་རེད། དེ་ཚོའི་བདེ་བ་དང་། དེ་ཚོ་སྲུང་སྐྱོབ། དེ་ཚོའི་ཐོབ་ཐང་། དེ་ཚོའི་རང་དབང་ཐོག་ལ་ང་ཚོས་ལས་ཀ་བྱེད་ཐུབ་ཡ་འདྲ་ཡོད་རེད་བ། ཡོད་མ་རེད། དེའི་ཐོག་ལ་ངས་བསམས་ན་སྲིད་སྐྱོང་འོས་འདེམས་དེའི་ནང་ལ་བཀའ་མོལ་གནང་མཁན་མི་འདུག ད་དབུ་མའི་ལམ་ག་འདྲ་བྱས་ནས་ཉམས་ལེན་བྱེད་རྒྱུ་ཡིན་པ་དང་—ཁོ་མིང་རྫིག་པོ་བཏགས་གནང་། ལྔ་དང་ལྔ་བཅུ་གསུངས་ན་ག་རེ་གསུངས་ན། སྤྱི་ཚོགས་ཞབས་ཕྱི་ཞུ་རྒྱུ་ཟེར་བ་འདྲ་བོ། ད་མང་ཆེ་དྷ་རམ་ས་རང་ལ་རེད། བོད་པའི་བཙན་བྱོལ་ནང་ལ་ཡོད་པ་ཚོའི་སློབ་གྲྭ་ཡག་ཏུ་གཏོང་རྒྱུ་དང་། མི་མང་གི་འཚོ་བ་ཡར་རྒྱས་གཏོང་རྒྱུ་རང་རེད། མི་མང་ཆེ་བ་བོད་ལ་ཡོད་རེད་བ། ང་ཚོ་འདིར་ཉུང་ཤས་ཤིག་རེད་བ། དེའི་ཐོག་ལ་ངས་བསམས་ན་དགོངས་པ་མ་བཞེས་པ་དཔེ་སྐྱོ་བོ་རེད།”
གསར་འགོད་པ་དཀོན་མཆོག་རབ་བརྟན།
